རང་རྒྱུད་པའི་ལུགས་ལ་དགག་བྱ་བདེན་གྲུབ་དབང་ཤེས་ལ་སྣང་མིན་གྱི་དཔྱད་པ་སྐྱ་རེངས་གསར་པ།

སེར་བྱེས་དངོས་དགའ།
རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་འཆིའོ། །ཚེ་རབས་ཀུན་ཏུ་རྗེས་སུ་གཟུང་དུ་གསོལ་ལོ། །
འདིར་དབུ་མ་རང་རྒྱུད་པའི་ལུགས་ལ་དགག་བྱ་བདེན་གྲུབ་དབང་ཤེས་ལ་སྣང་མིན་དཔྱད་པར་བྱ་བ་ལ། སྤྱིར་ས་དཀའ་རྙིང་གསུམ་གྱི་མཁས་པའི་དབང་པོ་ཀུན་གྱིས་ཐལ་རང་གཉིས་ལ་དགག་བྱ་ཕྲ་རགས་དང་ལྟ་གྲུབ་མཐོ་དམན་གྱི་ཁྱད་པར་ཡོད་པར་མི་བཞེད་པའི་གནད་ཀྱིས་ཐལ་རང་གཉིས་ཀའི་ལུགས་ལ་དབང་ཤེས་ལ་དགག་བྱ་བདེན་གྲུབ་སྣང་བར་མགྲིན་དབྱངས་གཅིག་གྱུར་དུ་ཁས་ལེན་གྱི་ཡོད་མོད་འོན་ཀྱང་དགེ་ལྡན་པའི་མཁས་དབང་རྣམ་པ་ལ་འདོད་ཚུལ་མི་འདྲ་བ་ཡོད་དེ། རྣམ་བཤད་དགོངས་པ་རབ་གསལ་ལས། བདེན་གཉིས་ཀྱི་འགྲེལ་པར་དགག་བྱ་བདེན་གྲུབ་དབང་ཤེས་ལ་མི་སྣང་བར་བཤད་པ་འདི་ཡང་འདྲ་བའི་ཕྱིར། ཞེས་གསུངས་པ་ལ་བརྟེན་ནས། པན་ཆེན་བསོད་ནམས་གྲགས་པས་རང་རྒྱུད་པ་གཉིས་ཀའི་ལུགས་ལ་དབང་ཤེས་ལ་བདེན་གྲུབ་མི་སྣང་བར་མཚུངས་སོ། །ཞེས་གསུངས་ལ་དེ་བཞིན་དུ་མཁས་གྲུབ་བསྟན་དར་བས་ཀྱང་རང་རྒྱུད་པའི་ལུགས་ལ་དབང་ཤེས་ལ་བདེན་གྲུབ་མི་སྣང་བར་བཞེད། ཡིག་ཆ་འདི་གཉིས་ཀྱི་རྗེས་འཇུག་མཁས་དབང་རྣམ་པས་ཀྱང་དབང་ཤེས་ལ་བདེན་གྲུབ་མི་སྣང་བར་བཞེད་ཀྱི་ཡོད།

འོན་ཀྱང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་དབུ་མ་མཐའ་དཔྱོད་དུ། འཇུག་པའི་རྣམ་བཤད་ཆེན་མོ་ལས་བདེན་གྲུབ་དབང་ཤེས་ལ་མི་སྣང་གསུངས་པ་ནི་རིགས་ངོའི་བདེན་གྲུབ་དབང་ཤེས་ལ་མི་སྣང་ཞེས་པའི་དོན་ཡིན་གྱི་སྤྱིར་བདེན་གྲུབ་དབང་ཤེས་ལ་སྣང་བར་གསུངས་སོ། །འདི་ལ་མཁས་དབང་དཔལ་ལྡན་ཆོས་རྗེའི་བདེན་གཉིས་ཀྱི་རྣམ་གཞག་ལེགས་བཤད་དཔྱིད་ཀྱི་དཔལ་མོར། རིགས་ངོའི་བདེན་གྲུབ་ཀྱི་དབང་དུ་བྱས་པར་ཡིག་ཆར་བཤད་པར་ནི། བདེན་གཉིས་ཀྱི་འགྲེལ་པ་སོགས་སུ་བདེན་འཛིན་ལྷན་སྐྱེས་ཀྱི་འཛིན་ཚུལ་ལྟར་དུ་གྲུབ་ཚད་གསལ་བར་མ་བཤད་པ་ལ་དགོངས་ཀྱི་བདེན་གཉིས་རྩ་འགྲེལ་དང་འཇུག་པའི་རྣམ་བཤད་ཀྱི་དགོངས་པ་ལ་དབང་ཤེས་ལ་བདེན་གྲུབ་མི་སྣང་བ་འཐད་པ་ཡིན་ཞེས་གསུངས་སོ། །འོན་ཀྱང་ཀུན་མཁྱེན་ཡིག་ཆའི་རྗེས་འཇུག་པ་གུང་ཐང་བློ་གྲོས་ཀྱིས་དབང་ཤེས་ལ་བདེན་གྲུབ་སྣང་བ་ཡིག་ཆ་རང་སོར་བཞག་ནས་གསུངས་སོ། །འདི་གཉིས་ལ་བརྟེན་ནས་སྒོ་མང་ཡིག་ཆའི་རྗེས་འཇུག་པ་རྣམས་ལ་གསུངས་སྲོལ་སྣ་ཚོགས་སུ་སྣང་ངོ་། །འོན་ཀྱང་འཇུག་པའི་རྣམ་བཤད་ཀྱི་གཞུང་དོན་ཐད་བཅད་བྱས་ནས་འགྲེལ་ན། དབང་ཤེས་ལ་བདེན་གྲུབ་མི་སྣང་གསུངས་པ་དེ་ལྷན་སྐྱེས་ཀྱི་འཛིན་ཚུལ་ལྟར་གྱི་བདེན་གྲུབ་མི་སྣང་བ་ལ་བྱེད་ཀྱི་རིགས་ངོའི་བདེན་གྲུབ་ཀྱི་དབང་དུ་མི་བྱེད་པ་ཤིན་ཏུ་གསལ་ཏེ། དེའི་འོག་དེ་མ་ཐག་ཏུ། དེ་ཡང་ནས་བྱུང་བའི་བར་གྱིས་ནི་བདེན་འཛིན་དེ་ལྷན་སྐྱེས་སུ་སྟོན་ནོ། །ཞེས་གསུངས་པས་སོ། །ཁྱབ་སྟེ། བདེན་པར་ཡོད་པ་ལྟར་ཉེ་བར་བསྟན་པ་མཐོང་བའི་བློ་ལ་བདེན་གྲུབ་ཉེ་བར་སྟོན་མཁན་གང་ཡིན་ངོས་བཟུང་བས་སོ། །དེས་ན་གཞུང་དོན་ནི་གཞུང་དོན་རང་ཡིན་པས་ཀྱོག་ནས་འགྲེལ་བ་ལ་ཡིད་རྟོན་པར་མི་བྱའོ། །

འདི་ལ་དབུ་མ་ཆེན་མོའི་རྗེས་འཇུག་པ་རེ་ཟུང་གིས། བདེན་འཛིན་དེ་ལས་བྱུང་བའི་ཕྱིར། བདེན་འཛིན་དེས་ཉེ་བར་བསྟན་པ་ཞེས་པའི་བདེན་འཛིན་སྔ་མ་ལྷན་སྐྱེས་དང་ཕྱི་མ་ཀུན་བཏགས་ཡིན་པས་ཀུན་བཏགས་ཀྱི་བདེན་འཛིན་གྱིས་བདེན་གྲུབ་ཏུ་ཉེ་བར་བསྟན་པའི་བདེན་གྲུབ་དེ་དབང་ཤེས་ལ་མི་སྣང་བ་འཇུག་པའི་རྣམ་བཤད་ཀྱི་དགོངས་དོན་ཡིན་ཞེས་གསུངས་པ་ནི། མི་འཐད་པར་གསལ་ཏེ། རྣམ་བཤད་རང་ལས། དེས་ན་སྲོག་ཆགས་ཐམས་ཅད་ལ་ཞེས་སྨོས་སོ། །ཞེས་གསུངས་པ་དང་འགལ་བའི་ཕྱིར། དེ་ཡང་བདེན་གྲུབ་ཏུ་ཉེ་བར་སྟོན་མཁན་ལྷན་སྐྱེས་ཡིན་པ་རྒྱུ་མཚན་དེས་ན་བདེན་གྲུབ་མཐོང་མཁན་གྱི་གང་ཟག་ཀྱང་སྲོག་ཆགས་ཐམས་ཅད་ཅེས་སྨོས་སོ་ཞེས་པའི་དོན་ཡིན་གྱི་གལ་ཏེ་བདེན་གྲུབ་ཏུ་ཉེ་བར་སྟོན་མཁན་བདེན་འཛིན་ཀུན་བཏགས་ཡིན་ན་དེས་ན་སྲོག་ཆགས་ཐམས་ཅད་ཅེས་སྨྲ་དོན་མེད་དེ། སྲོག་ཆགས་ཆེས་ཉུང་ངུ་ཞིག་གིས་མ་གཏོགས་ཀུན་བཏགས་ཀྱི་འཛིན་ཚུལ་ལྟར་དུ་རིགས་ངོའི་བདེན་གྲུབ་མི་མཐོང་བའི་ཕྱིར། འོན་ཀྱང་དབུ་མ་ཆེན་མོར། བདེན་གཉིས་ཀྱི་འགྲེལ་པར། དབང་ཤེས་ལ་བདེན་གྲུབ་མི་སྣང་ཞེས་གསུངས་པ་དེ་རིགས་ངོའི་བདེན་གྲུབ་ཀྱི་དབང་དུ་བྱས་པ་རེད་ཅེས་གསུངས་པ་ནི། བདེན་གཉིས་རྩ་འགྲེལ་གཉིས་དང་སྦྲེལ་ནས་ལྟོས་ན་གོ་རྒྱུ་ཤིན་ཏུ་ཆེ་སྟེ།

བདེན་གཉིས་རྩ་འགྲེལ་ལས། བདེན་གཉིས་བཤད་པའི་དགོས་པ་དང་། བདེན་གཉིས་ཤེས་པའི་ཕན་ཡོན་དང་། བདེན་གཉིས་ཀྱི་ངོ་བོ་དང་། དེའི་སྒྲུབ་བྱེད་དང་། སངས་རྒྱས་ཀྱིས་བདེན་གཉིས་ཇི་ལྟར་མཁྱེན་ཚུལ་དང་བཅས་པ་བཤད་ཟིན་ནས་ཀུན་རྫོབ་ལ་ཡང་ལོག་གཉིས་སུ་ཕྱེ་སྟེ། དེ་གཉིས་ཀྱི་མཚན་གཞི་བསྟན་པ་ན། བདེན་གཉིས་ལས། བཏགས་པའི་དོན་གྱིས་དབེན་གྱུར་པ། །དངོས་ཙམ་བརྟེན་ནས་གང་སྐྱེས་ཏེ། །ཡང་དག་ཀུན་རྫོབ་ཤེས་པར་བྱ། །ཡང་དག་མིན་ནི་ཀུན་བཏགས་ཡིན། །ཞེས་དང་། དེའི་ཐད་ཀྱི་རང་འགྲེལ་ལས། ཀུན་རྫོབ་དེ་ནི་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། བརྟགས་པའི་དོན་ནི་ཡང་དག་པར་སྐྱེ་བ་ལ་སོགས་པ་དང༌། རྣམ་པར་ཤེས་པ་སྣང་བ་དང༌། གཙོ་བོ་དང་འབྱུང་བའི་ཡོངས་སུ་འགྱུར་བ་ལ་སོགས་པ་སྟེ། དེ་དག་གིས་དབེན་པའོ། །དངོས་པོ་ཙམ་གང་ཡིན་པ་ནི་ཇི་ལྟར་སྣང་བ་བཞིན་དུ་དོན་བྱེད་ནུས་པའི་ཕྱིར་རོ། །རྒྱུ་དང་རྐྱེན་རྣམས་ལ་བརྟེན་ནས་སྐྱེས་པ་དེ་ནི་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པ་ཡིན་པར་ཤེས་པར་བྱ་སྟེ། འདི་ལྟར་བྱིས་པ་ཡན་ཆད་ཀྱི་ཤེས་པ་ལ་མཐུན་པར་དོན་ཇི་སྙེད་རྒྱུ་ལས་སྣང་བ་དེ་ནི་ཡང་དག་པའི་ཀུན་རྫོབ་ཡིན་པར་རིགས་ཏེ། ཤེས་པ་ལ་སྣང་བ་དང་མཐུན་པར་དངོས་པོ་གནས་པའི་ཕྱིར་རོ། །ཡང་དག་པར་སྐྱེ་བ་ལ་སོགས་པ་ནི་མི་སྣང་སྟེ། ཇི་ལྟ་བུར་ཡང་རུང་བའམ། གྲུབ་པའི་མཐའ་ལ་བརྟེན་ནས་སྒྲོ་བཏགས་པ་འབའ་ཞིག་ཏུ་ཟད་དོ། །དེ་ལྟ་མ་ཡིན་ན་ནི་རྩོད་པ་མེད་པར་ཐལ་བ་ཁོ་ནར་འགྱུར་རོ། །རྒོལ་བ་དང་ཕྱིར་རྒོལ་བའི་ཤེས་པ་ལ་སྣང་བའི་ཆ་ལ་ནི་རྩོད་པ་སུ་ཡང་མེད་དོ། །རྩོད་པར་བྱེད་ན་ནི་མངོན་སུམ་ལ་སོགས་པས་གནོད་པར་འགྱུར་རོ། །ཡང་དག་པར་སྐྱེ་བ་ལ་སོགས་པ་གང་ཡིན་པ་དེ་ནི་རྟོག་པའི་བཟོས་སྦྱར་བ་སྟེ། དེ་ནི་ཡང་དག་པ་མ་ཡིན་པའི་ཀུན་རྫོབ་ཀྱི་བདེན་པའོ། །ཞེས་གསུངས་སོ། །དེ་ཡང་རང་གཞན་གྱི་གྲུབ་མཐའ་ངན་པས་སྒྲོར་བཏགས་པ་ཡང་དག་པའི་ཤེས་པས་སྐྱེ་འགག་སོགས་སུ་གྲུབ་པ་དང་། སེམས་ཙམ་གྱི་དོན་དང་། གྲངས་ཅན་པའི་སྤྱི་གཙོ་བོ་དང་། རྒྱང་ཕན་པའི་འབྱུང་འགྱུར་གྱི་སེམས་དང་། བྱེ་རིག་གི་སེམས་བེམ་པོའི་རང་བཞིན་དང་། དབང་ཕྱུག་པའི་རྟག་པ་རང་བྱུང་གི་ཚད་མའི་སྐྱེས་བུ་སོགས་དོན་དེ་དག་གིས་དབེན་པ་སྟེ་སྟོང་པར་གྱུར་པ་གང་ཡིན་པ་དང་། རང་རང་གི་རྒྱུ་རྐྱེན་གྱི་དངོས་པོ་ཙམ་ལ་བརྟེན་ནས་སྐྱེས་ཤིང་བྱིས་པ་ཡན་ཆད་ཀྱི་ཤེས་པ་ལ་ངང་གིས་འཆར་ཞིང་མཐུན་པར་སྣང་བའི་གཟུགས་སྒྲ་སོགས་ཡང་དག་པའི་ཀུན་རྫོབ་ཡིན་པར་ཤེས་པར་བྱ་བ་ཡིན་ལ། ཡང་དག་མིན་པའི་ཀུན་རྫོབ་ནི། གོང་དུ་བཤད་པའི་གྲུབ་མཐའ་ངན་པས་ཀུན་བཏགས་པའི་ཡང་དག་པའི་ཡེ་ཤེས་ཀྱིས་སྐྱེ་བར་གྲུབ་པ་སོགས་དེ་དག་ཡིན་ཞེས་པའི་དོན་ཡིན་པས་རིགས་ངོའི་བདེན་གྲུབ་ཀྱི་དབང་དུ་བྱས་པ་གྲུབ་སྟེ། ཡང་དག་པར་སྐྱེ་བ་སོགས་ཀྱིས་དབེན་པ་ཡང་དག་ཀུན་རྫོབ་ཡིན་ཞེས་པའི་ཡང་དག་པར་སྐྱེ་བ་དེ་ཡང་དག་པའི་ཤེས་པས་སྐྱེ་བ་གྲུབ་ཚུལ་གྱི་དབང་དུ་མི་བྱེད་པར་ཚད་འཛིན་གྱི་བདེན་གྲུབ་དངོས་ལ་བྱེད་ན་དེས་སྟོང་པ་ཡང་དག་ཀུན་རྫོབ་ཡིན་པ་མི་འཐད་པའི་ཕྱིར་ཏེ། དོན་དམ་བདེན་པ་ཡིན་པའི་ཕྱིར་རོ། །
མ་ཟད་རང་འགྲེལ་ལས། ཡང་དག་པར་སྐྱེ་བ་ལ་སོགས་པ་ནི་མི་སྣང་སྟེ། ཞེས་གསུངས་པས་གོང་གི་བྱིས་པ་ཡན་ཆད་ཀྱི་ཤེས་པ་ལ་ཡང་དག་པར་སྐྱེ་བ་དང་། སེམས་ཙམ་གྱི་དོན་སོགས་མི་སྣང་ཞེས་གསུངས་ནས་དེའི་རྒྱུ་མཚན་ལ་འོག་ཏུ། གྲུབ་པའི་མཐའ་ལ་བརྟེན་ནས་སྒྲོ་བཏགས་པ་འབའ་ཞིག་ཏུ་ཟད་དོ། །ཅེས་གསུངས་པས་བྱིས་པ་ཡན་ཆད་ཀྱི་ཤེས་པ་རང་དགའ་བ་དབང་ཤེས་སོགས་ལ་མི་སྣང་རྒྱུའིིི་ཡང་དག་པར་སྐྱེ་བ་དེ། རིགས་ངོའི་བདེན་གྲུབ་ལ་མི་བྱེད་ན། དེ་ཉིད་གྲུབ་མཐའ་ངན་པའི་སྒྲོ་བཏགས་འབའ་ཞིག་ཡིན་དོན་མེད་པའི་ཕྱིར་ཏེ། ལྷན་སྐྱེས་ཀྱི་འཛིན་སྟངས་ཡིན་པའི་ཕྱིར། གཞན་ཡང་། དེའི་འོག་ཏུ། རང་འགྲེལ་ལས། དེ་ལྟ་མ་ཡིན་ན་རྩོད་པ་མེད་པར་ཐལ་བ་ཁོ་ནར་འགྱུར་རོ། །ཞེས་གསུངས་པས་སེམས་ཙམ་གྱི་དོན་དང་། སྤྱི་གཙོ་བོ་སོགས་ཤེས་པ་ལྷན་སྐྱེས་ལ་སྣང་ན་གྲུབ་མཐའ་སོ་སོའི་བར་ལ་རྩོད་པ་ཡོང་དོན་མེད་པ་བཞིན་དུ་ཡང་དག་པར་སྐྱེ་བ་དེ་རིགས་ངོའི་དབང་དུ་བྱས་པ་མིན་པར་ཚད་འཛིན་གྱི་བདེན་གྲུབ་ལ་བྱེད་ན་བྱིས་པ་ཡན་ཆད་ཀྱི་ཤེས་པ་དེ་དག་ལ་སྣང་ནའང་གྲུབ་མཐའ་སོ་སོའི་བར་ལ་རྩོད་པ་མེད་པའི་ཐལ་བ་ཡོང་དོན་མེད་དོ། །
རང་འགྲེལ་ལས། རིགས་ངོའི་བདེན་གྲུབ་ཀྱི་སྐྱེ་བ་མེད་པ་དེ་ཡང་དག་ཀུན་རྫོབ་ཡིན་ཞེས་གསུངས་པ་འདིས་ལུགས་འདི་ལ་བདེན་འཛིན་ཀུན་བཏགས་ཡིན་ན་ཁྱེད་ཀྱི་ཞེན་ཡུལ་མེད་པ་དེ་དོན་དམ་བདེན་པ་ཡིན་པས་ངེས་པ་མེད་པ་གྲུབ་མོད་འོན་ཀྱང་མཉམ་ཉིད་བཅུའི་མདོ་དང་། འཇུག་པའི་རྣམ་བཤད་ཆེན་མོ་དང་ཡིག་ཆའི་གསུང་ཟིན་དང་སྦྲེལ་ནས་བརྟག་ན་དཔྱད་དཀའ་བ་མང་དུ་སྣང་། གཞན་ཡང་བདེན་གཉིས་ལས། སྐྱེ་ལ་སོགས་པའི་རྣམ་པ་གང་། །སྣང་བ་མིན་ལ་དེ་ཡང་ནི། །ཡང་དག་པར་ཞེས་བྱ་སོགས་པར། །གཞན་གྱིས་ཡོངས་སུ་བརྟགས་པ་འགོག །ཅེས་པ་དང་། དེའི་ཐད་ཀྱི་རང་འགྲེལ་ལས། གང་ཡང་གཟུགས་ལ་སོགས་པ་སྣང་བ་དང་ལྡན་པའི་ཤེས་པ་ལ་མི་སྣང་བའི་རྣམ་པ་ཡང་དག་པར་སྐྱེ་བ་དང་རྣམ་པར་ཤེས་པ་སྣང་བ་དང༌། གཙོ་བོ་དང་ཡོངས་སུ་འགྱུར་བ་ལ་སོགས་པ།་ཞེས་གསུངས་པ་ཡང་ཕྱི་རོལ་གྱི་གཟུགས་སྒྲ་སོགས་དོན་ལྔ་དབང་པོའི་ཤེས་པ་ལ་སྣང་ཡང་རིགས་ངོའི་བདེན་གྲུབ་དང་སྤྱི་གཙོ་བོ་སོགས་དེ་དག་ལ་མི་སྣང་ཞེས་པའི་དོན་དུ་འགྲེལ་དགོས་པས་ཀྱང་ཤེས་སོ། །

དབུ་མ་སྣང་བའི་གཞུང་དོན་དྲང་ཐད་དུ་བླང་ནའང་དབང་ཤེས་ལ་བདེན་གྲུབ་སྣང་བར་གྲུབ་སྟེ། དེའི་ཕྱིར་དེ་དག་གི་བསམ་པའི་དབང་གིས་དངོས་པོ་བརྫུན་པའི་ངོ་བོ་ཐམས་ཅད་ནི། ཀུན་རྫོབ་ཏུ་ཡོད་པ་ཁོའོ། །ཞེས་པའི་བསམ་པ་ནི་སྲོག་ཆགས་ཐམས་ཅད་ལ་ཡོད་པའི་རྟོག་པ་དང་རྟོག་མེད་དབང་ཤེས་སོགས་བཞག་པ་ནི། འཇུག་པའི་རྣམ་བཤད་ཆེན་མོར་གསུངས་པ་ལྟར་འཐད་ཅིང་། བསམ་པ་དེ་གཉིས་ཀྱི་དབང་གིས་བཞག་པའི་དངོས་པོ་བརྫུན་པ་ཐམས་ཅད་དོན་དམ་དུ་མེད་ཅིང་ཀུན་རྫོབ་ཏུ་ཡོད་པའི་རྒྱུ་མཚན་ལ་དེའི་ཕྱིར་ཞེས་སྨོས་ལ་དེ་ཡང་ཐོག་མེད་ནས་འཁྲུལ་བའི་བག་ཆགས་སྨིན་པ་ལས་བྱུང་བའི་བདེན་འཛིན་ལྷན་སྐྱེས་དེས་ཡང་དག་པར་ཉེ་བར་བསྟན་པ་དེ་ཉིད་སྲོག་ཆགས་ཐམས་ཅད་ཀྱིས་མཐོང་བ་དེའི་ཕྱིར་ཞེས་འགྲེལ་དགོས་པས་གསལ་ལོ། །

གལ་ཏེ་རྟོག་མེད་དབང་ཤེས་ལ་བདེན་གྲུབ་མི་སྣང་ན་བསམ་པའི་དབང་གིས་ཞེས་པའི་བསམ་པ་ལ་རྟོག་པ་བཞག་ནས་དེའི་དབང་གིས་བཞག་པ་ལ་ཀུན་རྫོབ་ཏུ་ཡོད་ཀྱི་དོན་དམ་དུ་མེད་པའི་རྒྱུ་མཚན་ལ་དེའི་ཕྱིར་ཞེས་བཀོད་ན་འབྲེལ་ཆེ་ཡང་བསམ་པ་དབང་ཤེས་ལ་བཞག་ནས་དེའི་དབང་གིས་བཞག་པ་ལ་ཀུན་རྫོབ་ཏུ་ཡོད་ཀྱི་དོན་དམ་དུ་མེད་པའི་རྒྱུ་མཚན་ལ་དེའི་ཕྱིར་ཞེས་བཀོད་ན་འབྲེལ་མི་འགྲིག་གོ །དེས་ན་དབུ་མ་སྣང་བ་ལྟ་ནའང་དབང་ཤེས་ལ་བདེན་གྲུབ་སྣང་བར་བསྟན་འདུག་སྙམ། ཡང་དབུ་མ་སྣང་བ་ལས་ཀྱང་། དེས་ན་འདི་སྐད་དུ་དོན་དམ་པར་སྐྱེ་བ་མེད་དོ་ཞེས་བྱ་བ་ནི་འདི་དག་ཡང་དག་པའི་ཤེས་པས་སྐྱེ་བར་མ་གྲུབ་པའོ། །ཞེས་གསུངས་པས་དབུ་མ་རང་རྒྱུད་པའི་གཞུང་ལུགས་དག་ལས་བདེན་གྲུབ་འགོག་སྐབས་རིགས་ངོའི་བདེན་གྲུབ་ཀྱི་དབང་དུ་བྱས་པ་གསལ་ལོ། །དྲང་ངེས་རྣམ་འབྱེད་ལས། དངོས་པོའི་སྐྱེ་བ་ལ་སོགས་པ་དེ་ཁོ་ན་ཉིད་དུ་ཡོད་ན་དེ་དག་གི་དོན་དམ་པ་དང་དེ་ཁོ་ན་འཇལ་བའི་བློས་འགྲུབ་དགོས་ན། དེས་མ་གྲུབ་པའི་ཕྱིར་སྐྱེ་བ་ལ་སོགས་པ་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་དུ་མ་གྲུབ་ཅེས་སྟོན་པ་ཡིན་པས་དེ་ཉིད་ལ་དོན་དམ་པར་སྐྱེ་བ་མེད་པ་ཞེས་ཀྱང་བྱའོ། །ཞེས་དང་། དེ་ལྟར་ན་དབུ་མ་པ་དང་གཞན་དག་ཡོད་མེད་དཔྱོད་པའི་གཞི་དེ་དོན་དམ་པར་མེད་ཅེས་པའི་དོན་ནི་གཞི་དེ་དོན་དམ་དཔྱོད་པའི་རིགས་ངོར་མེད་པ་སྟེ་དེས་མ་གྲུབ་ཅེས་པའོ། །ཞེས་སོ། །དེས་ན་རང་རྒྱུད་པའི་གཞུང་ཁུངས་ཐུབ་དག་ལས་བདེན་གྲུབ་འགོག་པའི་སྐབས་ཐམས་ཅད་དུ་རིགས་ངོའི་བདེན་གྲུབ་ཀྱི་དབང་དུ་བྱས་པ་ཤ་སྟག་ཡིན་པས་དེ་དག་ཏུ་དབང་ཤེས་ལ་བདེན་གྲུབ་མི་སྣང་ཞེས་གསུངས་པ་ཡང་དེ་དག་ཏུ་འགོག་པའི་བདེན་གྲུབ་དེ་ཉིད་ལ་བྱེད་དགོས་པ་གྲུབ་བོ། །གཞན་དུ་ན་འབྲེལ་མི་ཆགས་སོ། །

དེ་བཞིན་དུ། རྒྱལ་ཚབ་རྗེའི་རྣམ་བཤད་སྙིང་པོ་རྒྱན་དང་། རྗེ་བཙུན་པའི་སྤྱི་དོན་རོལ་མཚོ་ལས་ཀུན་རྫོབ་བདེན་པའི་སྒྲ་བཤད་སྟངས་དང་བློ་ཀུན་རྫོབ་ངོས་བཟུང་ལུགས་ལྟ་ནའང་དབུ་མ་རང་རྒྱུད་པའི་ལུགས་ལ་དབང་ཤེས་ལ་བདེན་གྲུབ་སྣང་བར་གྲུབ་སྟེ། བློ་ཀུན་རྫོབ་པ་དབང་ཤེས་ཀྱི་ངོར་བདེན་པ་དེ་དོན་ལ་རྫུན་པའི་ལྡོག་ཟླར་གསུངས་པས་རྫུན་པར་གྲུབ་པའི་ལྡོག་ཟླ་བདེན་གྲུབ་ཡིན་པས་སོ། །མ་ཟད་དབང་ཤེས་ཀྱི་ངོར་བདེན་ལུགས་དེ་བདེན་གྲུབ་ཀྱི་བདེན་ལུགས་མིན་ན་དབང་ཤེས་ཀྱི་ངོར་བདེན་གྱི་དོན་ལ་རྫུན་པ་དེ་ཀུན་རྫོབ་བདེན་པའི་སྒྲ་བཤད་ཇི་ལྟར་འགྱུར་ཏེ། གོ་རྒྱུ་གཏན་ནས་མེད་དོ། །མ་ཟད་དབང་ཤེས་ལ་བདེན་གྲུབ་སྣང་བའི་ཐོག་ནས་དེ་ཉིད་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་བྱེད་དུ་འཇོག་དགོས་པའང་རོལ་མཚོའི་དགོངས་པ་ཡིན་པ་གསལ་ལོ། །

འདི་ལ་ཁ་ཅིག་དབང་ཤེས་ཀྱིས་ཕྱི་རོལ་འདོད་ཡོན་ལྔ་ལ་གཡེང་བའི་རྒྱུར་བྱས་ནས་དེ་ཁོ་ཉིད་མཐོང་བ་ལ་སྒྲིབ་ཟེར་བའང་མི་འཐད་དེ། དེ་ལྟར་ན་དབང་ཤེས་ཀྱིས་རྒྱལ་བའི་གསུང་རབ་ཐོས་པ་དང་དེ་ཉིད་ཀྱི་གླེགས་བམ་དག་མཐོང་བར་བྱེད་པས་དེ་ཁོ་ན་ཉིད་མཐོང་བ་ལ་ཕན་ཡང་ཐོགས་པར་ཐལ་ལོ། །དོན་འདི་ལ་དགོངས་ནས་མཁས་པའི་དབང་པོ་ཁ་ཅིག་རོལ་མཚོར་ཐལ་འགྱུར་བའི་གྲུབ་མཐའ་ཤོར་བ་རེད་ཅེས་པ་ནི་མི་འཐད་དོ། །

མཁས་དབང་ཁ་ཅིག་གིས། རོལ་མཚོར། བདེན་གཉིས་ཀྱི་མཚན་ཉིད་གསུངས་པ་ན། སྤྱོད་འཇུག་གི་ལུང་དྲངས་པ་མ་གཏོགས་རང་རྒྱུད་པའི་རང་གཞུང་བཀོད་མེད་པ་དང་། སྤྱིར་རང་རྒྱུད་པའི་གཞུང་ཁུངས་ཐུབ་དག་ལས་བདེན་གཉིས་ཀྱི་ངོ་བོ་ངོས་གཟུང་གསལ་བ་མེད་པས་རོལ་མཚོར། དབང་ཤེས་བློ་ཀུན་རྫོབ་པར་བྱས་ནས་ཀུན་རྫོབ་བདེན་པའི་སྒྲ་བཤད་པ་འདི་ཐལ་འགྱུར་བའི་ལུགས་བཀོད་པ་རེད་ཅེས་པ་ནི། མི་འཐད་དེ། བདེན་གཉིས་རྩ་འགྲེལ་དང་དབུ་མ་རྒྱན་རྩ་འགྲེལ་དང་དབུ་མ་སྣང་བ་སོགས་ལས་བདེན་གཉིས་ཀྱི་མཚན་ཉིད་བློ་གྲོས་མི་ཟད་པའི་མདོ་ལས་གསུངས་པ་བཞིན་དུ་གསུངས་པ་མ་མཐོང་བ་ཟད་དོ། །རོལ་མཚོར་སྤྱོད་འཇུག་གི་ལུང་དྲངས་པ་ནི་ཐལ་རང་གཉིས་ལ་བདེན་གཉིས་ཀྱི་ངོ་བོར་འཇོག་སྟངས་མི་འདྲ་བ་མེད་པས་ཡིན་ནོ། །སྐབས་གཉིས་པའི་སྤྱི་མཐའ་དཔྱོད་གཉིས་ལས་ཀྱང་། ཨར་བྱང་ཆུབ་ཡེ་ཤེས་སོགས་ཀྱིས་ཟག་བཅས་སྒོམ་ལམ་གྱི་དོན་གཟུང་འཛིན་གཉིས་སྣང་གི་རྟོག་པ་དང་བཅས་པ་ལ་བྱེད་ཅེས་གསུངས་པ་ལ་བརྟག་པ་གཉིས་བྱས་ཏེ། བདེན་སྣང་དང་བཅས་པ་ལ་བྱེད་ན། གཟུགས་བདེན་སྟོང་སྒྱུ་མ་ལྟ་བུར་གསལ་བར་སྣང་བའི་ས་གཉིས་པའི་ཡེ་ཤེས་ཆོས་ཅན་དུ་འཕངས་ནས་དེ་ཉིད་བདེན་སྣང་དང་བཅས་པའི་རྒྱུ་མཚན་ལ་ཐེག་ཆེན་གྱི་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་ཡིན་པའི་ཕྱིར་ཞེས་བཀོད་པ་ལ་དཔག་ནའང་མི་རྟག་སོགས་མངོན་སུམ་དུ་རྟོགས་པའི་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་ལའང་བདེན་གྲུབ་སྣང་བར་གྲུབ་སྟེ། གལ་ཏེ་སྐབས་འདིའི་བདེན་སྣང་དང་བཅས་པའི་དོན་བདེན་སྣང་མ་སྤངས་པ་ཙམ་ལ་བྱེད་ན་དམིགས་ཀྱིས་བཀར་ནས་ཐེག་ཆེན་སྒོམ་ལམ་རྗེས་ཐོབ་ཡེ་ཤེས་ཡིན་པའི་ཕྱིར་ཞེས་རྟགས་བཀོད་དོན་མེད་པའི་ཕྱིར་ཏེ། སེམས་ཅན་གྱི་ཤེས་པ་ཐམས་ཅད་དེ་ཡིན་པས་སོ། །དེས་ན་འདིས་ཀྱང་སློབ་པའི་རྗེས་ཐོབ་ཡེ་ཤེས་ལ་བདེན་གྲུབ་སྣང་བས་ཁྱབ་པར་བསྟན་འདུག་སྙམ།

འོན་ཀྱང་དབང་ཤེས་བློ་ཀུན་རྫོབ་པར་བཞག་ནས་ཀུན་རྫོབ་བདེན་པའི་སྒྲ་བཤད་པ་འདི། རྣམ་བཤད་དང་རོལ་མཚོ་ལས་གཞན་རྒྱ་བོད་ཀྱི་མཁས་པ་གང་གིའང་གཞུང་དུ་མ་མཐོང་ཞིང་། ལྷག་པར་དུ་བློ་ཀུན་རྫོབ་པ་ངོས་གཟུང་བ་ན། ལང་གཤེགས་ལས། རང་བཞིན་མེད་ལ་འཁྲུལ་བ་གང་། །དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་པ་དང་། དེའི་དོན་འགྲེལ་བ་ན། དབུ་མ་སྣང་བ་ལས། དངོས་པོ་ཡང་དག་པར་ངོ་བོ་ཉིད་མེད་པ་དག་ལ་དེ་ལས་ལྡོག་པའི་རྣམ་པར་སྒྲོ་འདོགས་པའི་འཁྲུལ་བའི་བློ་གང་ཡིན་པ་དེ་ནི་ཀུན་རྫོབ་ཅེས་བྱ་སྟེ། ཞེས་བློ་ཀུན་རྫོབ་པ་ལ་དོན་དམ་པར་སྣང་བ་ཙམ་མིན་པར་དོན་དམ་པར་སྒྲོ་འདོགས་པ་ཞིག་དགོས་ཞེས་གསལ་བར་གསུངས་པས་དབང་ཤེས་ཀུན་རྫོབ་པར་གསུངས་པ་ནི་འདི་དག་དང་ཤིན་ཏུ་མི་མཐུན་ནོ། །དེ་བཞིན་དུ། བདེན་གཉིས་ལས། གང་ཞིག་གིས་སམ་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་བཞེད། །ཅེས་པ་དང་། དབུ་མ་སྣང་བ་ལས། འདིའམ་འདིས་དེ་ཁོ་ཉིད་སྒྲིབ་པ་ལྟ་བུར་བྱེད། འགེབས་པ་ལྟ་བུར་བྱེད། ཅེས་གསུངས་པ་རྣམས་ཀྱིས་བློ་ཀུན་རྫོབ་པ་ངོས་བཟུང་བ་དང་དེས་གང་དང་གང་ལ་སྒྲིབ་མིན་དང་ཚུལ་ཇི་ལྟར་དུ་སྒྲིབ་སྟངས་རྣམས་གཅིག་མཐུན་དུ་བྱེད་པ་དང་། འཇུག་པའི་རྣམ་བཤད་ཆེན་མོོར། དེ་ཉིད་ཡང་དག་ཀུན་རྫོབ་འདོད། །ཅེས་པའི་ཀུན་རྫོབ་ལ་གང་གི་ངོར་བདེན་པའི་བདེན་འཛིན་གྱི་ཀུན་རྫོབ་དགོས་པར་གསུངས་པ་དང་། རྩ་ཤེར་རྣམ་བཤད་ཆེན་མོ་ལས་ཀྱང་། བློ་ཀུན་རྫོབ་པ་བདེན་འཛིན་རང་ལ་བྱེད་པ་དང་། དབུ་མ་སྣང་བ་ལས། དེ་ཉིད་བདེན་འཛིན་གསུངས་པ་རྣམས་ལ་བརྟག་ན་དབང་ཤེས་བློ་ཀུན་རྫོབ་པར་གསུངས་པ་དེ་ཤིན་ཏུ་འཐད་པ་དཀའོ། །

བདེན་གཉིས་ལས། གང་ཞིག་གིས་སམ་གང་ཞིག་ལ། །ཡང་དག་སྒྲིབ་བྱེད་ཀུན་རྫོབ་བཞེད། །ཅེས་པ་དང་། དབུ་མ་སྣང་བ་ལས། འདིའམ་འདིས་དེ་ཁོ་ཉིད་སྒྲིབ་པ་ལྟ་བུར་བྱེད། འགེབས་པ་ལྟ་བུར་བྱེད། ཅེས་པའི་དོན་ནི། བློ་ཀུན་རྫོབ་པ་རང་ཉིད་ལ་རང་ཉིད་ཀྱིས་དེ་ཁོ་ན་ཉིད་མཐོང་བ་ལ་མིག་ལིང་ཏོག་གིས་སྒྲིབ་པ་ལྟ་བུ་དང་། བློ་གཞན་ལ་དེ་ཁོ་ན་ཉིད་མཐོང་བ་ལ་གོས་ཀྱིས་འགེབས་པ་ལྟ་བུར་བྱེད་ཅེས་པའི་དོན་ནོ། །སྤྱི་དོན་རོལ་མཚོ་ལས། དབང་ཤེས་བློ་ཀུན་རྫོབ་པར་བྱས་ནས་དེའི་ངོར་བདེན་གྱི་དོན་ལ་རྫུན་པའི་ཆ་ནས་ཀུན་རྫོབ་བདེན་པའི་སྒྲ་བཤད་པ་འདི་རྣམ་བཤད་སྙིང་པོ་རྒྱན་གྱི་དགོངས་པ་ཡིན་པ་ཤིན་ཏུ་གསལ་མོད་འོན་ཀྱང་འགྲེལ་བ་དོན་གསལ་གྱི་མཆན་འགྲེལ་ལས། དེ་རྣམ་བཤད་ཀྱི་དགོངས་པ་མིན་པར་བཤད་ནས་རོལ་མཚོ་འགོག་པ་ནི་མི་འཐད་དེ། དབང་ཤེས་བློ་ཀུན་རྫོབ་པར་བཞག་ནས་ཀུན་རྫོབ་པ་དང་ཀུན་རྫོབ་བདེན་པའི་སྒྲ་བཤད་འདི། རྣམ་བཤད་ལས་ཀུན་རྫོབ་བདེན་པའི་སྒྲ་བཤད་ཕྱི་མའི་དོན་མིན་ན་སྒྲ་བཤད་སྔ་མ་དང་ཁྱད་པར་གཏན་ནས་མེད་པར་འགྱུར་བས་སྒྲ་བཤད་སྔ་ཕྱི་གཉིས་ཟློས་པའི་སྐྱོན་འབྱུང་བ་ཁོ་ནའོ། །དེས་ན་རོལ་མཚོར། དབང་ཤེས་བློ་ཀུན་རྫོབ་པར་བྱས་ནས་ཀུན་རྫོབ་བདེན་པའི་སྒྲ་བཤད་གསུངས་པ་ནི་རྣམ་བཤད་ཀྱི་དགོངས་པ་རྨ་མེད་པའོ། །
འོན་ཀྱང་དཔལ་ལྡན་ཆོས་རྗེའི་བདེན་གཉིས་རྣམ་བཤད་ལས། བདེན་གཉིས་དར་ཊཱིཀ་ལས། རང་རྒྱུད་པའི་བཞེད་པའི་རང་མཚན་གྱིས་སྟོང་པ་ཉིད་ཀྱི་འགལ་ཟླ་དགག་བྱའི་ཆོས་སུ་འདོད་ན་དེ་དབང་ཤེས་ལ་མི་སྣང་བར་བདེན་གཉིས་འདིར་གསལ་བར་བཤད་པ་དང་འགལ་ལོ། །ཞེས་པ་འདི་དབང་ཤེས་ལ་བདེན་གྲུབ་མི་སྣང་བའི་ཁུངས་སུ་བྱས་ནས་སྒྲུབ་འདུག་པས་བདེན་གཉིས་དར་ཊཱིཀ་འདི་འདྲ་བ་ཞིག་གསུང་འབུམ་དུ་ཇི་ཙམ་བཙལ་ཀྱང་གཏན་ནས་མ་རྙེད་པས་དཔྱད་པར་ཞུ། དེ་ལྟར་དབང་ཤེས་ལ་བདེན་གྲུབ་སྣང་མིན་གྱི་སྐོར་ལ་གཞུང་ཆེན་མོ་དག་གི་དགོངས་དོན་ཇི་ལྟར་ཡིན་མིན་ཆེ་ལོང་ཙམ་སོང་ཟིན་ནས།

ད་ནི་དབང་ཤེས་ལ་བདེན་གྲུབ་མི་སྣང་བར་འདོད་པ་དག་གི་ལུགས་ལ་དགག་ཕྱོགས་ཀྱི་རིགས་འཕྲུལ་སྟོན་པ་དང་། སྣང་བར་འདོད་པའི་ལུགས་ལ་སྒྲུབ་ཕྱོགས་ཀྱི་འཐད་པ་བཀོད་པར་བྱ་སྟེ།
དང་པོ་ནི། མཁས་པ་ཁ་ཅིག །དབང་ཤེས་ལ་སྡོད་ལུགས་ལས་འདས་པའི་སྣང་བ་མི་སྲིད་པས་དབང་ཤེས་ལ་བདེན་གྲུབ་མི་སྣང་ཞེས་ཟེར་བ་ནི། མི་འཐད་དེ། བུམ་འཛིན་དབང་ཤེས་ལ་སྡོད་ལུགས་ལས་འདས་པའི་སྣང་བ་ཡོད་པའི་ཕྱིར་ཏེ། ཕྱི་དོན་གྱི་སྣང་བ་ཡོད་པའི་ཕྱིར། ཁྱབ་སྟེ། ཕྱི་དོན་དེ་བུམ་པའི་སྡོད་ལུགས་ལས་འདས་པའི་ཕྱིར་ཏེ། བུམ་པ་ཕྱིི་དོན་མ་ཡིན་པའི་ཕྱིར། འདི་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་པའི་གྲུབ་མཐའ་ལ་བརྟེན་པའི་རིགས་པའོ། །ཡང་དབང་ཤེས་ལ་སྡོད་ལུགས་ལས་འདས་པའི་སྣང་བ་ཡོད་པའི་ཕྱིར་ཏེ། འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་དབང་ཤེས་ཡོད་པའི་ཕྱིར། འདི་ནི་ལེགས་འཚོོ་གཉིས་ཀའི་གྲུབ་མཐའ་ལ་བརྟེན་པའི་རིགས་པའོ། །གལ་ཏེ་ཕྱི་དོན་དང་སྐྲ་ཤད་འཛག་པ་སོགས་སྣང་ན་སྡོད་ལུགས་ལས་འདས་པར་སྣང་མི་དགོས་ཏེ། སྡོད་ལུགས་ལས་འདས་ཞེས་པ་ནི་སྡོད་ལུགས་མཐར་ཐུག་ལས་འདས་པ་ལ་བྱེད་ཟེར་ན། དེ་ལྟར་ན་དབང་ཤེས་ལ་བདེན་གྲུབ་མི་སྣང་སྟེ། དབང་ཤེས་ལ་བདེན་མེད་ལས་འདས་པ་མི་སྣང་བའི་ཕྱིར་ཟེར་བ་དང་འདྲ་བས་བསྒྲུབ་བྱ་རྟགས་སུ་བཀོད་པ་ནི་མཚན་ཉིད་པའི་གྲས་སུ་འཇོག་མི་འོས་སོ། །

ཡང་མཁས་པ་ཁ་ཅིག །དབང་ཤེས་ལ་མི་སྣང་བ་དབང་ཤེས་ལ་མི་སྣང་བས་དབང་ཤེས་ལ་བདེན་གྲུབ་མི་སྣང་ཞེས་ཟེར། འདི་ཡང་མི་འཐད་དེ། དབང་ཤེས་ལ་མི་སྣང་བ་དེ་དབང་ཤེས་ལ་མི་སྣང་བའི་རྒྱུ་མཚན་རྟོག་པས་ཡུལ་གྱི་གནས་ཚོད་ལས་བརྒལ་ནས་སྒྲོར་བཏགས་པ་དང་སྐུར་བར་འདེབས་པ་ཡོད་ཀྱང་དབང་ཤེས་ཀྱིས་དེ་ལྟར་བརྒལ་ནས་སྒྲོ་སྐུར་བྱེད་པ་མེད་པས་དབང་ཤེས་ལ་མི་སྣང་བ་དབང་ཤེས་ལ་མི་སྣང་བའི་རྒྱུ་མཚན་ཡིན་ནམ། ཡང་ན་བུམ་པ་ལྟ་བུ་བློ་གནོད་མེད་དབང་ཤེས་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་སྡོད་ལུགས་སུ་ཡོད་པ་དེ། བུམ་པ་བདེན་གྲུབ་ཀྱི་གྲུབ་ཚད་ཡིན་ལ་དེ་ཉིད་དབང་ཤེས་ལ་སྣང་ན་དབང་ཤེས་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པ་སྣང་དགོས། དབང་ཤེས་ལ་དེ་ལྟར་དུ་སྣང་བ་མེད་པས་དབང་ཤེས་ལ་མི་སྣང་བ་དེ་དབང་ཤེས་ལ་མི་སྣང་བའི་རྒྱུ་མཚན་ཡིན་བརྟག་གྲང་། དང་པོ་ལྟར་ན་དབང་ཤེས་ལ་བདེན་གྲུབ་སྣང་ན་དབང་ཤེས་ཀྱིས་སྒོ་སྐུར་དུ་ལྟ་བའི་སྒོ་ནས་སྣང་དགོས་པའི་རྒྱུ་མཚན་ཅི། ཕྱི་དོན་དང་སྒྱུ་མ་རྟ་གླང་སོགས་ཀྱང་དབང་ཤེས་ལ་སྣང་བ་མེད་པར་ཐལ། དེ་དག་ལ་སྒྲོ་སྐུར་དུ་ལྟ་བ་མེད་པའི་ཕྱིར་ཏེ། དབང་ཤེས་ལ་སྒྲོ་སྐུར་མེད་པས་རྣམ་པ་ཀུན་ཏུ་མཚུངས་སོ། །གཉིས་པ་ལྟ་ན་ནམ་མཁའ་འཛིན་པའི་རྟོག་པ་ལ་མི་སྣང་བ་དེ་ནམ་མཁའ་འཛིན་པའི་རྟོག་པ་ལ་སྣང་བར་ཐལ། དེ་ལ་ནམ་མཁའ་བདེན་གྲུབ་སྣང་བའི་ཕྱིར། འདོད་ན། དེ་ལ་མི་སྣང་བ་གང་ཞིག་ཡིན་པ་དེ་དེ་ལ་སྣང་བ་མི་འཐད་དེ། དེ་དེ་ལ་མི་སྣང་རྒྱུ་དེ་ཡིན་པའི་ཕྱིར། གཞན་ཡང་བློ་གནོད་མེད་རྟོག་པ་ལ་སྣང་བའི་དབང་གིས་བཞག་པའི་གཞི་ནམ་མཁའ་ལྟ་བུ་བདེན་གྲུབ་སྣང་ན་ནམ་མཁའ་འཛིན་པའི་རྟོག་པའི་དབང་གིས་བཞག་པ་མ་ཡིན་པ་སྣང་དགོས་ན། ནམ་མཁའ་བདེན་གྲུབ་འཛིན་པའི་རྟོག་པ་ལ་ནམ་མཁའ་བདེན་གྲུབ་མི་སྣང་བར་ཐལ་ཏེ། ནམ་མཁའ་འཛིན་པའི་རྟོག་པའི་དབང་གིས་བཞག་པ་མ་ཡིན་པ་མི་སྣང་བའི་ཕྱིར་རོ། །གལ་ཏེ་དེའི་དབང་གིས་མ་བཞག་པ་སྣང་ན། དེ་ལྟ་ན་བྱེ་བྲག་ལ་མི་ལྟོས་པའི་སྤྱི་མི་སྲིད་པས་ནམ་མཁའ་བདེན་གྲུབ་སྣང་ཕྱིན་ཆད་མཆོད་སྦྱིན་དང་ལྷས་སྦྱིན་བཀྲ་ཤིས་དང་དོན་གྲུབ་སོགས་ཀུན་གྱི་ནམ་མཁའ་འཛིན་པའི་རྟོག་པའི་དབང་གིས་མ་བཞག་པ་སྣང་བར་ཐལ་བས་བདེན་སྣང་མི་སྲིད་པར་འགྱུར་རོ། །ཚུལ་འདི་ནི་དཔྱད་དཀའ་བ་དང་གོ་བའང་ཅུང་ཟབ་པའི་སྣང་བ་འདུག་པས་ད་དུང་དཔྱད་དགོས།

ཡང་མཁས་པ་ཁ་ཅིག །དབང་ཤེས་ལ་ཆ་དང་ཆ་བཅས་ངོ་བོ་ཐ་དད་དུ་སྣང་བ་མེད་པས་དབང་ཤེས་ལ་བདེན་གྲུབ་མི་སྣང་ཞེས་ཟེར། འདི་ནི་དེང་སང་ཅུང་གྲགས་ཆེ་ཡང་ལྷས་བྱིན་དང་ལྷས་བྱིན་གྱི་རིལ་པ་ལྟ་བུའི་རྫས་ཐ་དད་ལ་གོམས་པའི་མངོན་སུམ་གྱི་ཤན་བརྗོད་འདོད་ཀྱི་རྟོག་པ་ལ་ཕོག །དེའི་ཤན་ཆ་དང་ཆ་བཅས་ངོ་བོ་ཐ་དད་བརྗོད་པའི་མིང་ལ་ཕོག །མིང་གི་ཤན་རྟོག་པ་ལ་ཕོག་ནས་རྟོག་པ་ལ་ཆ་དང་ཆ་བཅས་ངོ་བོ་ཐ་དད་སྣང་ཞིང་རྟོག་མེད་ཀྱི་ཤེས་པ་ལ་དེ་ལྟར་སྣང་བ་མེད་པ། རྣམ་འགྲེལ་ལས། ཐ་དད་དོན་བཞིན་སྒྲུབ་པར་བྱེད། །ཅེས་སོགས་ཀྱི་སྐབས་སུ་ཡང་ནས་ཡང་དུ་གསུངས་ལ། ཚུལ་དེ་ལྟ་བུའི་ཆ་དང་ཆ་བཅས་ངོ་བོ་ཐ་དད་ཀྱི་སྣང་བ་མེད་པས་དབང་ཤེས་ལ་བདེན་གྲུབ་མི་སྣང་ཟེར་ན། དེ་ལྟ་བུའི་སྣང་ཚུལ་ནི། དབང་ཤེས་ཕར་ཟད་མིང་བརྡའི་ཤན་མ་ཕོག་པའི་རྟོག་པ་ཀུན་ལའང་མེད་པས་དེ་དག་ལའང་བདེན་གྲུབ་མི་སྣང་བར་ཐལ་ལོ། །ཚུལ་དེ་ལས་གཞན་པའི་ཆ་དང་ཆ་བཅས་ངོ་བོ་ཐ་དད་དུ་སྣང་ཚུལ་ནི། གཞུང་གང་ལས་ཀྱང་མ་བཤད་པས་དབང་ཤེས་ལ་ཆ་དང་ཆ་བཅས་ངོ་བོ་ཐ་དད་མི་སྣང་བས་བདེན་གྲུབ་མི་སྣང་ཟེར་བ་ནི་འབྲེལ་མེད་དོ། །གཞན་ཡང་ཆ་དང་ཆ་བཅས་ངོ་བོ་ཐ་དད་དུ་སྣང་བ་དེ། བདེན་གྲུབ་ཀྱི་སྣང་ཚུལ་ཡིན་ན་མདོ་སྡེ་པས་བདེན་གྲུབ་ཀྱི་སྣང་ཚུལ་དེ་ཁེགས་པར་ཐལ། ཆ་དང་ཆ་བཅས་ངོ་བོ་གཅིག་ཡིན་པར་རྟོགས་པའི་ཕྱིར། རྟགས་སླའོ། །

ཡང་མཁས་པ་ཁ་ཅིག །གཞི་བུམ་པ་ལྟ་བུ་ལ་མཚོན་ན། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་ཅེས་པའི་བློ་གནོད་མེད་ནི་བུམ་འཛིན་མིག་ཤེས་དང་འཇོག་མཁན་བུམ་འཛིན་རྟོག་པ་ལྟ་བུ་ལ་བྱེད་དགོས་པས་བུམ་འཛིན་མིག་ཤེས་ལ་བུམ་པ་བདེན་གྲུབ་སྣང་ན་བུམ་འཛིན་མིག་ཤེས་ལ་བུམ་པ་བུམ་འཛིན་རྟོག་པས་བཞག་པ་མ་ཡིན་པ་སྣང་དགོས་པས་བུམ་འཛིན་མིག་ཤེས་ལ་དེ་ལྟར་སྣང་ཚུལ་མེད་དེ། བུམ་འཛིན་རྟོག་པའི་སྔ་རོལ་ནས་བུམ་འཛིན་མིག་ཤེས་ཡོད་པའི་ཕྱིར་དང་། ལྷས་སྦྱིན་གྱི་རྟོག་པ་ལ་མཆོད་སྦྱིན་གྱི་རྟོག་པས་བཞག་པ་མ་ཡིན་པ་སྣང་ཚུལ་མེད་པ་དང་མཚུངས་པས་དབང་ཤེས་ལ་བདེན་གྲུབ་མི་སྣང་ཞེས་ཟེར། འདི་ཡང་མི་འཐད་དེ། བུམ་པ་བདེན་གྲུབ་འཛིན་པའི་བདེན་འཛིན་ལའང་བུམ་པ་བདེན་གྲུབ་མི་སྣང་བར་ཐལ། དེ་ལ་བུམ་པ་བུམ་འཛིན་རྟོག་པས་བཞག་པ་མ་ཡིན་པ་མི་སྣང་བའི་ཕྱིར་ཏེ། དེའི་སྔ་རོལ་ནས་གྲུབ་ཟིན་པའི་ཕྱིར། གཞན་ཡང་བུམ་པ་བདེན་གྲུབ་འཛིན་པའི་བདེན་འཛིན་ལ་བུམ་པ་བདེན་གྲུབ་མི་སྣང་བར་ཐལ། བུམ་པ་བུམ་འཛིན་རྟོག་པས་བཞག་པ་མ་ཡིན་པ་མི་སྣང་བ་དང་མཚུངས་པའི་ཕྱིར་ཏེ། བུམ་འཛིན་མིག་ཤེས་བུམ་འཛིན་རྟོག་པ་མ་ཡིན་པའི་རྒྱུ་མཚན་ཙམ་གྱིས་མ་གཏོགས་བུམ་འཛིན་མིག་ཤེས་ལ་བུམ་པ་བུམ་འཛིན་རྟོག་པས་བཞག་པ་མ་ཡིན་པ་མི་སྣང་བའི་རྒྱུ་མཚན་གཞན་མེད་ཅིང་། དེ་ནི་བདེན་འཛིན་ལའང་མཚུངས་སོ། །

ཡང་མཁས་པ་ཁ་ཅིག །བདེན་གཉིས་རྩ་འགྲེལ་གྱི་ལུགས་ནི་མདོ་སྡེ་སྤྱོད་པའི་དབུ་མ་པའི་ལུགས་ཡིན་ལ་དབུ་མ་སྣང་བའི་ལུགས་ནི། སེམས་ཙམ་རྣམ་བདེན་པའི་འདོད་པ་ལྟར་གྱི་དབུ་མ་པའི་ལུགས་ཡིན་པས་དེ་གཉིས་ཀྱི་ལུགས་ལ་དབང་ཤེས་ལ་ཕུགས་ཀྱི་འཁྲུལ་རྒྱུས་བསླད་པ་མེད་པས་དབང་ཤེས་ལ་བདེན་གྲུབ་མི་སྣང་ལ། འཕགས་སེང་གཉིས་ཀྱི་ལུགས་ནི་རྣམ་རྫུན་པའི་འདོད་པ་ལྟར་གྱི་དབུ་མ་པའི་ལུགས་ཡིན་པས་དེའི་ལུགས་ལ་དབང་ཤེས་འཕྲལ་ཕུགས་གཉིས་ཀའི་འཁྲུལ་རྒྱུས་བསླད་པ་ཡོད་པས་དབང་ཤེས་ལ་བདེན་གྲུབ་སྣང་ལ་འདི་ནི་རྒོལ་ངན་ཚར་གཅོད་དང་སྤྱི་དོན་རོལ་མཚོ་ཐར་ལམ་གསལ་བྱེད་གསུམ་གྱི་དགོངས་པ་ཡིན་ཞེས་ཟེར། དེ་ཡང་རྒོལ་ངན་ཚར་གཅོད་དུ། ཞི་འཚོ་ཡབ་སྲས་རྣམ་བདེན་པའི་འདོད་པ་ལྟར་གྱི་དབུ་མ་པ་དང་། འཕགས་སེང་གཉིས་རྣམ་རྫུན་པའི་འདོད་པ་ལྟར་གྱི་དབུ་མ་པ་ཡིན་པར་གསུངས་ནས་འཕགས་སེང་གཉིས་རྣམ་རྫུན་པའི་འདོད་པ་ལྟར་གྱི་དབུ་མ་པ་ཡིན་པའི་སྒྲུབ་བྱེད་ལ་དེ་གཉིས་ཀྱིས་སྔོ་སྣང་དབང་ཤེས་འཁྲུལ་ཤེས་སུ་འདོད་པ་རྒྱུ་མཚན་བཀོད་པས་ཞི་འཚོ་ཡབ་སྲས་ཀྱི་ལུགས་ལ་སྔོ་སྣང་དབང་ཤེས་འཁྲུལ་ཤེས་མིན་པ་དང་། འཕགས་སེང་གཉིས་ཀྱི་ལུགས་ལ་དེ་ཉིད་འཁྲུལ་ཤེས་ཡིན་པ་དང་མ་ཟད་སྤྱི་དོན་རོལ་མཚོར་དབང་ཤེས་བློ་ཀུན་རྫོབ་པར་གསུངས་པའང་འཕགས་སེང་གཉིས་ཀྱི་ལུགས་སུ་འགྲེལ་དགོས་པས་ཀྱང་ཤེས་སོ། །དེ་བཞིན་དུ་ཐར་ལམ་གསལ་བྱེད་ལེའུ་གསུམ་པ་ཕྱི་དོན་འགོག་པའི་སྐབས་སུ། དབང་ཤེས་ལ་ཕྱི་དོན་མི་སྣང་བར་ཐེངས་དུ་མར་གསུངས་པ་དང་། དྲང་ངེས་རྣམ་འབྱེད་དུ། སློབ་དཔོན་ཆོས་གྲགས་སེམས་ཙམ་རྣམ་བདེན་པར་གསུངས་པ་སོགས་ཤིན་ཏུ་མཐུན་ཞེས་ཟེར། འདི་ཡང་འཐད་པར་དཀའ་སྟེ། ལེགས་ལྡན་ཞི་འཚོ་འཕགས་སེང་སོགས་ཀྱི་ལུགས་ལ་དབང་ཤེས་ལ་དགག་བྱ་བདེན་གྲུབ་སྣང་མིན་མཚུངས་པའི་ཕྱིར་ཏེ། དེ་དག་གི་འདོད་པའི་དགག་བྱ་ལ་ཕྲ་རགས་ཀྱི་ཁྱད་པར་ཡོད་པ་མི་འཐད་ཅིང་འཇུག་པའི་རྣམ་བཤད་དུ། བདེན་གཉིས་ཀྱི་འགྲེལ་པར་དགག་བྱ་བདེན་གྲུབ་དབང་ཤེས་ལ་མི་སྣང་གསུངས་པ་འདི་ཡང་འདྲ་ཞེས་གསུངས་པ་དང་ཡང་འགལ་ཏེ། དེ་གཉིས་འདྲ་བའི་རྒྱུ་མཚན་དགག་བྱ་ལ་ཕྲ་རགས་ཀྱི་ཁྱད་པར་མེད་པའི་གནད་ཀྱིས་བསྒྲུབ་དགོས་པས་སོ། །

མ་ཟད་ཞི་འཚོ་ཡབ་སྲས་དང་ཕྱོགས་གླང་ཆོས་གྲགས་ཀྱི་ལུགས་ལ་དབང་ཤེས་ལ་ཕྱི་དོན་མི་སྣང་བ་མི་འཐད་དེ། རྣམ་འགྲེལ་ལེའུ་གསུམ་པ་ཚད་འབྲས་ཀྱི་ཐད་དུ། རིག་བྱ་རིག་བྱེད་རྣམ་པ་མེད། །སྐྲ་སོགས་ཤེས་པའི་ཐ་དད་བཞིན། །གང་ཚེ་གཟུང་འཛིན་རྣམ་ཕྱེ་བའི། །མཚན་ཉིད་རྣམ་པར་བསླད་པ་ཅན། །ཞེས་སོགས་ཀྱིི་སྐབས་སུ་དབང་ཤེས་ལ་ཕྱི་དོན་སྣང་བར་ལན་དུ་མར་གསུངས་པ་དང་འགལ་བའི་ཕྱིར་དང་། ཚད་མ་རྣམ་ངེས་སུ། མངོན་སུམ་གྱི་མཚན་ཉིད་ཀྱི་ཟུར་ལ་བག་ཆགས་བརྟན་འབྱུང་གི་རིག་པ་ཞེས་གསུངས་པ་ལའང་དགོས་པ་མེད་པར་ཐལ་ལོ། །ཐར་ལམ་གསལ་བྱེད་ལེའུ་གསུམ་པ་ཕྱི་དོན་འགོག་པའི་སྐབས་སུ། དབང་པོའི་མངོན་སུམ་ལ་ཕྱི་དོན་མི་སྣང་བར་ལན་གསུམ་ཙམ་གསུངས་འདུག་ཀྱང་ཐར་གསལ་ལེའུ་གསུམ་པ་ཚད་འབྲས་ཀྱི་ཐད་དུ་དབང་ཤེས་ལ་ཕྱི་དོན་སྣང་བར་གསུངས་ཤིང་། རྣམ་ངེས་དར་ཊཱིག་དང་ཚད་མ་ཡིད་ཀྱི་མུན་སེལ་དང་རིགས་རྒྱན་སོགས་སུ་དབང་པོའི་མངོན་སུམ་ལ་འཁྲུལ་སྣང་ཡོད་ཅེས་ནན་གྱིས་སྒྲུབ་འདུག་པས་ཐར་གསལ་དུ་མི་སྣང་གསུངས་པ་དེ་བོད་སྔ་མ་ཞིག་གི་བཞེད་པ་བཀོད་ཙམ་ཡིན་སྙམ་མོད་དཔྱད་དགོས།་སྐབས་དང་པོའི་མཐའ་དཔྱོད་མཁས་པའི་མགུལ་རྒྱན་དུ། མངོན་སུམ་ལ་མ་འཁྲུལ་བའི་ཤེས་པས་ཁྱབ་པར་གསུངས་པའང་གང་གི་ལུགས་སུ་འགྲེལ་དགོས་མིན་ཡང་དཔྱད་དཀའ་བའི་གནས་སུ་སྣང་ངོ་། །

གང་ལྟར་རྣམ་བདེན་རྫུན་གྱི་ཁྱད་པར་དང་ཞི་འཚོ་ཡབ་སྲས་དང་འཕགས་སེང་སོགས་སེམས་ཙམ་གང་གི་འདོད་པ་ལྟར་གྱི་དབུ་མ་པ་ཡིན་མིན་དང་ཐོགས་མེད་སྐུ་མཆེད་དང་ཕྱོགས་གླང་ཆོས་གྲགས་རྣམ་བདེན་རྫུན་གྱི་སེམས་ཙམ་གང་ཡིན་མིན་སོགས་ལ་བོད་ཀྱི་མཁས་པ་གོང་མ་རྣམས་ལ་རང་རང་གི་རྣམ་དཔྱོད་ལས་འཕྲོས་པའི་བཤད་པ་མི་འདྲ་བ་མཐའ་ཡས་པ་སྣང་བས་རྙོག་འཛིང་ཧ་ཅང་ཆེ། གཙོ་བོར་རང་རྒྱུད་པའི་སློབ་དཔོན་རང་གི་གཞུང་ཁུངས་ཐུབ་དག་ལ་གཏུགས་ནས་དཔྱད་དགོས་པ་གནད་ཀྱི་དམ་པའོ། །

གཞུང་ལུགས་རབ་འབྱམས་ལ་གོ་རྟོགས་ཀྱིས་ནང་བྱན་ཆུད་ཅིང་ངེས་པར་དོན་གྱི་མཁས་པའི་དབང་པོ་བདག་གི་སེམས་ཀྱི་དཀྱིལ་དུ་ཆེས་ཤིན་ཏུ་གཟི་བརྗིད་ལྷང་ངེར་འབར་བའི་དགེ་བའི་བཤེས་གཉེན་ཁ་ཅིག །དབང་ཤེས་ཀྱིས་ཡུལ་སྣང་ཚུལ་ལ་ཡིད་གཏོད་པའི་ཚུལ་གྱིས་ཅི་ཙམ་བརྟག་ཀྱང་རང་ངོས་ནས་གྲུབ་པ་འཆར་ཚུལ་ལས་ཅུང་རགས་ཤིང་། ཕྱི་དོན་གྱི་འཆར་ཚུལ་ལས་ཅུང་ཟད་ཕྲ་བའི་ལོག་པའི་འཆར་སྒོ་གསུམ་པ་ཞིག་མེད་པར་ཕལ་ཆེར་མྱོང་བ་ལས་ཀྱང་གསལ་བས་དབང་ཤེས་ལ་དགག་བྱ་བདེན་གྲུབ་སྣང་ཚུལ་གཏན་ནས་མེད་ཅེས་གསུངས་སོ། །འདི་ནི་མཁས་པའི་དབང་པོ་མི་ཚེ་དཔེ་ཆ་དང་འགྲོགས་ཤིང་གོ་རྒྱ་དང་ཐོས་རྒྱ་ནམ་མཁའ་དང་མཉམ་པ་ཞིག་གི་བཞེད་པ་ཡིན་པས་མཐའ་གཅིག་ཏུ་མི་འཐད་ཅེས་ཞུ་བར་མི་སྤོབས་མོད་འོན་ཀྱང་རང་གི་བློ་ངོར་བདེ་སིང་བ་ཞིག་གི་འཛིན་མཚམས་མ་རག་བར་དུ་ཐེ་ཚོམ་གྱི་རྟོག་དཔྱོད་ནི་ངང་གིས་སྐྱེ་བས་ཚུལ་ཇི་ལྟར་དུ་སྐྱེས་པ་དེ་ལྟར་དུ་དགག་རྒྱག་གི་ལས་ལ་འཇུག་པར་བྱའོ། །
འདི་ཡང་མི་འཐད་པར་མངོན་ཏེ། དགག་བྱ་བདེན་གྲུབ་དབང་ཤེས་ལ་སྣང་མི་སྣང་ཞེས་དཔྱད་པ་ནི་རང་རྒྱུད་པའི་ལུགས་ལ་རང་རྒྱུད་པའི་དགག་བྱ་དབང་ཤེས་ལ་སྣང་མི་སྣང་དཔྱད་པ་ཡིན་གྱི་དངོས་པོའི་གནས་ཚོད་ལ་རང་རྒྱུད་པའི་དགག་བྱ་དབང་ཤེས་ལ་སྣང་མི་སྣང་དཔྱད་པ་མིན་པས་དངོས་ཡོད་དང་གྲུབ་མཐའི་འདོད་པ་མ་ཕྱེ་བའི་གཏམ་མོ། །ཐལ་འགྱུར་བའི་ལུགས་ལ་རང་རྒྱུད་པའི་དགག་བྱ་ཐལ་འགྱུར་བའི་དགག་བྱ་ལ་ལྟོས་ན་ཤིན་ཏུ་རགས་པས་དེ་ཉིད་དབང་ཤེས་ལ་མི་སྣང་ལ་དེར་འཛིན་པའང་ཀུན་བཏགས་ཡིན་མོད་འོན་ཀྱང་དེ་ནི་ཐལ་འགྱུར་བའི་འདོད་པ་ལས་རང་རྒྱུད་པའི་རང་ལུགས་སུ་མི་རུང་བས་ཚུལ་དེ་རང་རྒྱུད་པའི་ལུགས་ལ་དགག་བྱ་བདེན་གྲུབ་དབང་ཤེས་ལ་མི་སྣང་བའི་རྒྱུ་མཚན་ཇི་ལྟར་འགྲོ་ལེགས་པར་སོམས་དང་ཤེས་ངེས། གལ་ཏེ་བཞེད་པ་དེ་དངོས་ཡོད་དང་གྲུབ་མཐའི་འདོད་པ་བསྲེས་པའི་གཏམ་མིན་ཟེར་ན་མི་འཐད་དེ། ཁྱེད་ཀྱིས་རང་རྒྱུད་པའི་དགག་བྱ་འཆར་ཚུལ་དེ་ལོག་པའི་འཆར་སྒོ་གསུམ་པ་དང་རང་ངོས་ནས་གྲུབ་པ་འཆར་ཚུལ་དེ་ལོག་པའི་འཆར་སྒོ་དང་པོར་གསུངས་པས་སོ། །མ་ཟད་དྲང་ངེས་རྣམ་འབྱེད་དུ། རིགས་པ་དེ་དག་གི་གནད་ཀྱིས་རང་རྒྱུད་པས་བཤད་པའི་ཆོས་ཀྱི་བདག་འཛིན་ལྷན་སྐྱེས་སུ་འདོད་པ་ཡང་ཀུན་བཏགས་སུ་བྱའོ། །ཞེས་ཤེས་བྱེད་དུ་དྲངས་པའང་འབྲེལ་མེད་དུ་འགྱུར་རོ། །དེས་ན་འདི་ནི་དངོས་ཡོད་དང་གྲུབ་མཐའི་འདོད་པ་སྲེ་བ་ནི་ཤིན་ཏུ་མི་རིགས་ཞེས་རྗེའི་ལེགས་བཤད་ཁག་ཏུ་ཡང་ཡང་འབྱུང་བ་དང་འགལ་བ་ལྟག་སྤྲོད་དུ་གནས་པར་ཤེས་སོ། །
དེས་ན་དངོས་པོའི་གནས་ཚོད་དམ་ཐལ་འགྱུར་བའི་ལུགས་ལ་རང་རྒྱུད་པའི་དགག་བྱ་དབང་ཤེས་ལ་མི་སྣང་བ་མ་ཟད་དེར་འཛིན་པའང་ཀུན་བཏགས་ཡིན་པར་དྲང་ངེས་རྣམ་འབྱེད་དུ་གསུངས་པ་ལྟར་ཤིན་ཏུ་རིགས་མོད་འོན་ཀྱང་འདིར་རང་རྒྱུད་པའི་ལུགས་ལ་རང་རྒྱུད་པས་འདོད་པའི་དགག་བྱ་དབང་ཤེས་ལ་སྣང་མིན་དཔྱད་པ་སྐབས་སུ་བབས་པས་དངོས་ཡོད་དང་གཏན་ནས་བསྲེ་བར་མི་བྱ་བ་ནི་གནད་ཀྱི་དམ་པའོ། །གཞན་ཡང་དབང་ཤེས་ལ་བདེན་གྲུབ་མི་སྣང་བ་དེ་མྱོང་བ་ལས་ཀྱང་གསལ་ཞེས་གསུངས་པ་ནི་ཤིན་ཏུ་རྩུབ་སྟེ། མྱོང་བ་ལས་གསལ་བ་ཞིག་ལ་སྔོན་བྱོན་མཁས་པའི་དབང་པོ་རི་འདྲ་བ་དག་གིིས་དཀའ་གནད་དུ་རྩིས་དོན་མེད་ལ་ལྷག་པར་དུ་ཀུན་མཁྱེན་འཇམ་བཞད་སོགས་ཀྱིས་དབང་ཤེས་ལ་བདེན་གྲུབ་སྣང་ཞེས་ཞལ་གྱིས་བཞེས་དོན་ཡང་གཏན་ནས་ཡོང་མི་ཤེས་སོ། །

གཉིས་པ་སྣང་བར་འདོད་པའི་ལུགས་ལ་སྒྲུབ་ཕྱོགས་ཀྱི་འཐད་པ་བཀོད་པར་བྱ་སྟེ། སྤྱིར་ཀུན་རྫོབ་ཏུ་ཡོད་པ་ངོས་གཟུང་གི་དབུ་མ་སྣང་བའི་གཞུང་དོན་ལེགས་པར་བསྒྲིག་ན་དབང་ཤེས་ལ་བདེན་གྲུབ་སྣང་བ་སྔར་བཤད་པ་ལྟར་གྲུབ་མོད་འོན་ཀྱང་དེང་སང་དེ་ལྟར་བཤད་ན་ཡིད་ཚིམ་པ་ཅུང་དཀོན་བས་ཚུལ་གཞན་གྱི་སྒོ་ནས་དབང་ཤེས་ལ་བདེན་གྲུབ་སྣང་བར་བསྒྲུབ་པར་བྱའོ། །

དེ་ཡང་རང་རྒྱུད་པའི་ལུགས་ལ་དབང་ཤེས་ལ་བདེན་གྲུབ་སྣང་མི་སྣང་ཞེས་པ་ནི། རང་རྒྱུད་པའི་འགྲེལ་བཤད་མཁན་པོ་དག་གི་ནང་གི་བསམ་བློ་ལ་དབང་ཤེས་ལ་བདེན་གྲུབ་སྣང་མི་སྣང་ཇི་ལྟར་བཞེད་མིན་དེ་ཙམ་ཡིན་ལ། དེ་ཡང་ནང་གི་བསམ་བློ་གང་འདྲ་ཡོད་མེད་ཤིན་ཏུ་ལྐོག་ཏུ་གྱུར་པས་རང་ཅག་རྣམས་ཀྱིས་བཤད་དཀའ་བས་དེ་དག་གི་གཞུང་དུ་ཇི་ལྟར་འབྱུང་བ་དེ་ལྟར་དུ་ཚད་གཟུང་དགོས་པ་ནི་སྤྱི་འགྲོས་ཡིན། འོན་ཀྱང་དེ་དག་གི་གཞུང་དུ་དབང་ཤེས་ལ་བདེན་གྲུབ་སྣང་མིན་དེ་ཙམ་ཁ་གསལ་གོ་བདེ་མེད་པས་གྲུབ་མཐའི་སྤྱི་ཁོག་དང་བསྒྲིགས་ནས་བཤད་དགོས། རང་རྒྱུད་པའི་སློབ་དཔོན་དག་གི་རང་རང་གིས་ངོས་བཟུང་ནས་བཤད་པའི་མཐར་ཐུག་གི་དགག་བྱ་དེ་དགག་བྱ་ཡོད་ཚད་ལས་ཕྲ་ཞིང་ཤིན་ཏུ་འགོག་དཀའ་ལ་དེར་འཛིན་པའང་ཉེས་སྤྱོད་རྒུད་པ་ཀུན་གྱི་འབྱུང་ཁུངས་དང་། བྱེད་ལས་འཇུག་པ་ཀུན་ལས་མྱུར་བའི་ཉེས་གཏེ་འབའ་ཞིག་ཏུ་འདོད་པ་ནི་གཞིའི་གྲུབ་མཐའ་ཡིན། གལ་ཏེ་དེ་དག་གིས་དབང་ཤེས་ལ་དེ་འདྲའི་བྱེད་ལས་འཇུག་པ་ཀུན་ལས་མྱུར་བའི་བདེན་འཛིན་དེས་བསླད་པ་ལ་བརྟེན་ནས་དགག་བྱ་ཡོད་ཚད་ལས་འགོག་དཀའ་ཞིང་ཤིན་ཏུ་ཕྲ་བ་དེ་མི་སྣང་བར་བཞེད་ན་ཚུལ་དེ་འདྲའི་རྣམ་གཞག་གྲུབ་མཐར་འཆར་བ་ཡོང་དོན་གཏན་ནས་མེད་དོ། །
གཞན་ཡང་ཤེས་པ་གང་ལ་བདེན་གྲུབ་སྣང་ཕྱིན་ཆད་རྟོག་པ་ཡིན་དགོས་ན། མི་རྟག་པ་རྟོགས་པའི་རྟོག་པས་རང་གི་གོམས་བྱའི་དོན་ལ་ཡང་ནས་ཡང་དུ་གོམས་པར་བྱས་ཏེ་དེ་ཉིད་མངོན་སུམ་དུ་འཕོ་བའི་ཚེ་སྔར་རང་ལ་བདེན་སྣང་ཡོད་པ་དེ་ཇི་ལྟར་འགགས་པ་ཡིན་ནམ། མི་རྟག་པ་མངོན་སུམ་དུ་རྟོགས་པས་བདེན་སྣང་ལྡོག་མི་ནུས་ཏེ། གཞན་དུ་ན་སྤངས་ཀྱང་ནུས་པར་ཐལ་ལོ། །བདེན་གྲུབ་ཀྱི་སྣང་བ་འབྱུང་བ་རྒྱུས་བསྐྱེད་པ་ལྟར་སྣང་བ་འགགས་པ་ནའང་རྒྱུས་འགག་དགོས་པས་མི་རྟག་པ་མངོན་སུམ་དུ་རྟོགས་པའི་མངོན་སུམ་ལ་བདེན་གྲུབ་ཀྱི་སྣང་བ་མེད་པའི་རྒྱུ་མཚན་མེད་དོ། །དེས་ན་རོལ་མཚོར་ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་གང་ཟག་བདག་མེད་ལ་གཉིས་སྣང་མི་ནུབ་ཅེས་གསུངས་པའང་དེ་ལ་གཉིས་སྣང་བདེན་གྲུབ་ཀྱི་སྣང་བ་ཡོད་པའི་རྒྱུ་མཚན་གྱིས་ཡིན་ནམ་སྙམ་མོ། །

གཞན་ཡང་རྟོག་མེད་ཀྱི་ཤེས་པ་ལ་བདེན་གྲུབ་སྣང་བ་མེད་ན། ཆགས་སྡང་ལ་ཡང་ཡང་གོམས་པར་བྱས་ནས་གསལ་སྣང་ཐོབ་པའི་ཚེ་ཆགས་སྡང་དེ་ཉིད་རྟོག་མེད་དུ་འཕོ་བ་ནི། རྣམ་འགྲེལ་དུ་གསལ་བར་གསུངས་ཤིང་བདེན་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ལ་གྲུབ་མཐས་གསོས་བཏབ་སྟེ་ཡང་ཡང་གོམས་པར་བྱས་ན་གསལ་སྣང་འབྱུང་བ་ནི། ཆགས་སྡང་གཉིས་དང་ཤིན་ཏུ་མཚུངས་པས་བདེན་འཛིན་གྱི་ངོ་བོར་གྱུར་པའི་རྟོག་མེད་ཤེས་པ་ཡོད་པ་གྲུབ་ལ། བདེན་འཛིན་ལྷན་སྐྱེས་ཡིན་ལ་བདེན་སྣང་མེད་པ་མི་སྲིད་པས་རྟོག་མེད་ཀྱི་ཤེས་པ་ལ་བདེན་སྣང་ཡོད་པ་གྲུབ་པས་དབང་ཤེས་ལ་བདེན་སྣང་མེད་པའི་རྒྱུ་མཚན་མེད་དོ། །གཞན་ཡང་ཕྱི་རོལ་གྱི་དོན་འཛིན་པའི་ལྷན་སྐྱེས་ཀྱི་བློས་བསླད་པའི་དབང་གིས་དབང་ཤེས་ལ་ཕྱི་དོན་སྣང་བ་འཐད་ན་དེ་ལས་ཀྱང་བྱེད་ལས་ཀྱི་འཇུག་པ་མྱུར་བའི་བདེན་འཛིན་ལྷན་སྐྱེས་ཀྱིས་བསླད་པ་ལ་བརྟེན་ནས་དབང་ཤེས་ལ་བདེན་གྲུབ་མི་སྣང་བའི་རྒྱུ་མཚན་ཅི་ཡོད། གང་ལྟར་དབང་ཤེས་ལ་བདེན་གྲུབ་མི་སྣང་བའི་ཕྱོགས་ལ་ཇི་ཙམ་དཔྱད་ཀྱང་རྒྱུ་མཚན་རྣམ་དག་ཅིག་གཏན་ནས་མ་རྙེད་ལ་སྣང་བའི་ཕྱོགས་ལ་ནི་རྒྱུ་མཚན་ངེས་ཅན་ཞིག་འདུག་པས་བདག་གིས་རང་རྒྱུད་པའི་ལུགས་ལ་དབང་ཤེས་ལ་བདེན་གྲུབ་སྣང་ཞེས་རང་ལུགས་བཟུང་ཁུལ་བྱས་ནས་དགག་སྒྲུབ་ཀྱི་ལས་ལ་འཇུག་པ་ཡིན་ནོ། །འོན་ཀྱང་ལོག་པའི་ལམ་ལ་མུ་མཐའ་མེད། ཅེས་གསུངས་པ་ལྟར་བདག་གི་འཆར་སྣང་ལའང་འཐད་མིན་དཔྱད་དགོས་པ་ལས་ཡིད་རྟོན་པར་མི་བྱའོ། །
དགེ་བ་གང་ཡོད་འགྲོ་ཀུན་བདེ་བའི་རྒྱུར་བསྔོའོ། །


༢༠༡༥་༥་༡༠ཉིན་གུས་པ་སེར་བྱེས་སློབ་གཉེར་བ་ཏྲེ་ཧོར་དངོས་གྲུབ་དཔལ་ལྡན་པས་རང་ཤག་ཞི་བའི་ཚལ་དུ་བྲིས་པའོ། །

No comments:

Powered by Blogger.