དཔལ་ལྡན་ཚོགས་གཙོ་མཆོག་ལ་ངེས་པར་འདྲི་དགོས་པའི་དྲི་བ་ཉེར་ལྔ།


ད་ལན་དཔལ་ལྡན་ཚོགས་གཙོ་མཆོག་འོས་བསྡུའི་གཏམ་བཤད་ཆེད་ས་གནས་མང་པོར་སྐོར་སྐྱོད་གནང་གི་ཡོད་པ་དང་བསྟུན། མང་ཚོགས་ལ་གསལ་བཤད་དང་བཀའ་ལན་གནང་མུས་ཕེབས་བཞིན་ཡོད་སྟབས། མང་ཚོགས་ཚོས་ཀྱང་དོགས་འདྲི་དང་གསོལ་འདེབས། རེ་སྐུལ་དང་སྐྱབས་འཇུག་ངེས་པར་ཞུ་ཐུབ་དགོས་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཡིན། ཁོང་ནི་རང་རེའི་དབུ་ཁྲིད་ཅིག་ཡིན་པས་གུས་བརྩི་དང་ཡ་རབས་བཟང་པོའི་ཀུན་སྤྱོད་དང་མཐུན་པར་བྱས་ཏེ་དོགས་འདྲི་དང་བསལ་ཚུལ་ཞུ་དགོས་པ་དེའང་གནད་འགག་ཅིག་ཡིན་སྙམ། ད་རེས་གུས་པས་དཔལ་ལྡན་ཚོགས་གཙོ་མཆོག་ལ་ངེས་པར་འདྲི་དགོས་པའི་དྲི་བ་ཉེར་ལྔ་ཕྱོགས་བསྡུས་བྱས་ཡོད་ཅིང་། དྲི་བ་འདི་དག་ནི་དངོས་ཡོད་དང་ད་བར་སྤྱི་ཚོགས་སུ་འགྲོ་བཞིན་པའི་གནད་དོན་ཤ་སྟག་ཡིན་པ་ལས་བསྙོན་འཛུགས་རིགས་སུ་གཏོགས་པ་ཞིག་གཏན་ནས་མིན།

སྲིད་སྐྱོང་གིས་༸གོང་ས་མཆོག་ལ་མཛད་དཀའ་བཟོ་ས་རེད་ཅེས་སྐུ་ཉིད་ཀྱིས་གསུངས་འདུག་ན། ཇི་ལྟར་མཛད་དཀའ་བཟོ་ལུགས་དང་། དེ་སྔར་མཛད་དཀའ་འདི་བཟོས་སོང་ཞེས་དཔེ་མཚོན་གང་དང་གང་ཡོད་དམ།

2
སྐུ་ཉིད་ཀྱིས་སྲིད་སྐྱོང་གིས་བཀའ་ཤག་ལ་འགན་མཉམ་ཁུར་མ་བྱེད་པར་ལས་དོན་རེ་འགའ་ཁོང་སྒེར་གྱིས་གནང་གི་ཡོད་ལུགས་གསུངས་པ་ལ་ཉེ་ཆར་སྲིད་སྐྱོང་གིས་ལན་འདེབས་བྱས་ཏེ། ཨ་རི་དང་རྒྱ་གར་གྱི་གནད་དོན་དེ་སྲིད་སྐྱོང་གིས་ཐད་ཀར་གཏོང་འཛིན་བྱེད་བཞིན་པ་ནི་ཟམ་གདོང་རིན་པོ་ཆེ་ནས་དེ་བཞིན་གནང་གི་ཡོད་ལུགས་གསུངས་འདུག་པས་སྐུ་ཉིད་ཀྱིས་གསལ་བཤད་ཁ་གསལ་གནང་རོགས།

3
སྐུ་ཉིད་ཀྱིས་ད་ལྟའི་བཀའ་ཤག་གིས་བོད་རྒྱལ་འབྲེལ་མོལ་གནང་མ་ཐུབ་པ་དེ་འཐུས་ཤོར་ཡིན་ཚུལ་གསུངས་འདུག་པས། འདིའི་ཐད་རྒྱ་ནག་གིས་ཁ་ཡ་མ་བྱེད་ན་བཀའ་ཤག་ལ་ནུས་པ་གང་ཡང་མེད་པ་མ་རེད་དམ། འོ་ན་༸གོང་ས་མཆོག་གིས་ད་བར་རང་དབང་བསྐྱར་གསོ་གནང་མ་ཐུབ་པ་དེ་༧གོང་ས་མཆོག་གི་འཐུས་ཤོར་ལ་ངོས་འཛིན་བྱེད་དགོས་སམ།

4
དུས་དབང་ཕར་འགྱངས་གནང་བ་དེ་སྐུ་ཉིད་ཀྱིས་གསལ་པོ་མཁྱེན་གྱི་ཡོད་ལུགས་གསུངས། ཡང་ཆ་ཚང་ཤེས་མི་འདུག་གསུངས། དེའི་རྗེས་སྲིད་སྐྱོང་གིས་ལན་འདེབས་གནང་སྟེ། ཚོགས་གཞོན་བརྩིས་པའི་མི་བཞི་དཔང་པོ་ཡོད། ཁོང་བཞི་པོའི་མདུན་ནས་ཁྱེད་ལ་ཁ་པར་ནས་གསལ་པོ་བཤད་ཡོད་ཅེས་གསུངས་འདུག་པས། སྐུ་ཉིད་ལ་ཆ་ཚང་གསུངས་མེད་པའི་དཔང་པོ་དང་ཁུངས་ཡོད་དམ།

5
དུས་དབང་ཕར་འགྱངས་སྐོར་ནས་ཁྱེད་ཀྱིས་༸གོང་ས་མཆོག་དགོངས་པ་འཚོམས་ཡོད་ལུགས་ཁ་གསལ་བཤད་འདུག་པས་འདི་བདེན་པ་ཡིན་དང་མིན། བདེན་ན་ཁ་གསལ་པོ་གསུང་རོགས།

6
བཀའ་ཤག་གིས་ཉེ་ཆར་གསལ་བསྒྲགས་དེ་སྐུ་ཉིད་ཀྱིས་ཁས་ལེན་དང་མི་ལེན། ལེན་ན། དེའི་ནང་དུ་བཀའ་ཤག་གི་ལས་དོན་ལ་སྐྱོན་འཛུགས་དང་གཟུགས་མེད་གྲིབ་བཟོ་བྱས་ཡོད་ལུགས་གསུངས་འདུག་པས་དེ་བཞིན་ཁས་ལེན་དང་མི་ལེན།

7
སྲིད་སྐྱོང་གིས་ཉེ་ཆར་ལན་འདེབས་གནང་དོན། ཚེས་27 དང་28ལ་དགའ་ལྡན་ཕོ་བྲང་ལ་ཡར་ཞུ་བ་དེ་འདྲ་ཁྱོན་བྱུང་མེད་ཅེས་ཁ་གསལ་ཚིག་ཐག་ཆོད་པས་གསུངས་འདུག ཁྱེད་ཀྱིས་ཕྱི་ཟླ་༨ ཚེས་༢༧ ཉིན་༧གོང་ས་མཆོག་ལ་སྙན་སེང་ཞུ་སྐབས། ༧སྐྱབས་མགོན་རིན་པོ་ཆེས་དུས་དབང་དེ་ཆབ་སྲིད་ཆགས་ཀྱི་འདུག་ཟེར་གྱི་འདུག་ལ། ཆབ་སྲིད་ངོ་མ་ཆགས་ཀྱི་འདུག དེ་འདྲ་ཡིན་ན་ཕར་འགྱངས་ཞོགས་ཞེས་དགོངས་པ་ཏོག་ཙམ་འཚོམས་པའི་གནས་སྟངས་ངས་ཤེས་སོང་ཞེས་གསུངས་འདུག་པས་འདི་བདེན་པ་ཡིན་དང་མིན་གསལ་བཤད་གནང་རོགས།

8
ཚོགས་གཙོ་མཆོག་གིས་ཉེ་ཆར་ཨ་རི་ནས་འདི་འདྲ་ཞིག་གསུང་འདུག ༧རྒྱལ་བ་རིན་པོ་ཆེས་བཀའ་གནང་བ་དེ་དགོས་པའི་དབང་གིས་གསུངས་པར་ངས་ངོས་འཛིན་བྱེད་ཀྱི་ཡོད་ཅེས་རྒྱལ་བ་རིན་པོའི་གསུང་ཚར་གཉིས་གནང་བ་དེ་དངོས་ཡོད་མིན་ལུགས་གསུངས་པ་དེ་གསལ་བཤད་ཁ་གསལ་གནང་དགོས།

9
སྐུ་ཉིད་ཀྱིས་ཨ་རི་ནས་བཤད་པའི་དུས་ཕར་འགྱངས་སྐོར་གྱི་སྐད་ཆ་དེ་ནོར་ཡོད་པ་ངོས་འཛིན་བྱེད་གི་ཡོད་མེད། ནོར་ཡོད་ན་རྒྱ་ཆེ་མང་ཚོགས་ལ་དགོངས་དག་ཞུ་རྩིས་ཡོད་དང་མེད།

10 
ཟམ་གདོང་རིན་པོ་ཆེས་ཧྲ་ཐག་ཐག་བཙུགས་པའི་བཀའ་ཤག་དེ་ད་ལྟའི་སྲིད་སྐྱོང་གི་ལག་ནས་རྦོ་ལུག་པའི་ཉེན་ཁ་འདུག་ཅེས་ཁྱེད་ཀྱིས་གསུངས་འདུག ཉེན་ཁ་འདི་འདྲ་ཡོད་ན། འདི་དང་འདི་འདུག་ཅེས་ཁ་གསལ་བཤད་དགོས།

11
ཁྱེད་ཀྱིས་ཟླ་བ་འགའ་ཤས་གོང་ལ་གྲོས་ཚོགས་ཀྱིས་ད་ལྟ་བཀའ་ཤག་ལ་བསྔགས་བརྗོད་གནང་བ་དེ་འདྲ་དེ་སྔར་བྱུང་མྱོང་མེད་ལུགས་གསུངས་པ་དང་། ཉེ་ཆར་ད་ལྟའི་བཀའ་ཤག་གིས་ལས་དོན་ཡག་པོ་བྱེད་བཞིན་མེད་ལུགས་ཀྱི་ནང་འགལ་ཅན་གྱི་སྐད་ཆ་གཉིས་བཤད་འདུག་པ་ལ་གསལ་བཤད་ག་རེ་ཡོད།

12
ཁྱེད་ཀྱིས་གྲོས་ཚོགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་གླ་ཕོག་སྤྲོད་མ་ཐུབ་པར་སྒོ་བརྒྱག་དགོས་བྱུང་འདུག སྲིད་བྱུས་ཉམས་ཞིབ་ཁང་གི་མི་འགའ་ཤས་ལ་གླ་ཕོག་ཐབས་ཤེས་བྱེད་མ་ཐུབ་ན། ཁྱེད་སྲིད་སྐྱོང་ལ་ཁེལ་ན་དཔལ་འབྱོར་ཐབས་ཤེས་བྱེད་རྒྱུའི་ནུས་པ་དང་འཆར་གཞི་ཨེ་ཡོད་ཀྱི་དོགས་པ་ཆེ། གལ་སྲིད་ནུས་པ་དང་འཆར་གཞི་ཡོད་ན། སྲིད་བྱུས་ཉམས་ཞིབ་ཁང་གི་གླ་ཕོག་ཐབས་ཤེས་བྱེད་མི་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ།

13
གལ་སྲིད་ད་ལྟའི་བཀའ་ཤག་གིས་ལས་དོན་བྱེད་ཕྱོགས་འཐུས་ཤོར་འགྲོ་གི་ཡོད་ན། གྲོས་ཚོགས་ཀྱིས་གཏོང་འཛིན་ནན་ཏན་བྱེད་དགོས་ངེས་ཀྱང་། གྲོགས་ཚོགས་སུ་འཐུས་ཤོར་སོང་ལུགས་ཀྱི་སྐད་ཆ་དང་གཏོང་འཛིན་ཅི་ཡང་བྱེད་མི་འདུག་པས། འདི་སྐུ་ཉིད་དབུས་པས་གྲོགས་ཚོགས་ཀྱི་ནོར་འཁྲུལ་ཡིན་པར་ངོས་འཛིན་བྱེད་དགོས་པ་མ་རེད་དམ།

14
སྐུ་ཉིད་ལ་སྤྱི་འཐུས་གཅིག་གིས་སྐྱོན་འཛུགས་བྱེད་དུས་གྲོས་ཚོགས་ནས་ལངས་ཏེ་སོང་ཡོད་པའི་གནས་ཚུལ་ཐོན་པ་རེད། སྲིད་སྐྱོང་ལ་ཁེལ་ན་སྤྱི་འཐུས་ཚོས་སྐྱོན་འཛུགས་བྱེད་དུས་སྲིད་སྐྱོང་ཞབས་སྟེགས་བཞག་ནས་མི་འགྲོ་བའི་གདེང་ཚད་ཡོད་དམ། ཡོད་ན། དེ་སྔར་གྲོས་ཚོགས་ནས་ཕྱིར་ཐོན་དུས་གདེང་ཚད་དེ་མེད་པ་གང་ཡིན་ནམ།

15
ཁྱེད་རང་གིས་དེ་སྔར་ཕྱི་ཟུར་བསོད་ནམས་སྟོབས་རྒྱལ་གྱིས་ཁྱེད་ལ་དགོངས་དག་ཞུས་ལུགས་དང་། ཚོགས་གཙོ་ཁུར་རོགས་ལབ་སོང་ཟེར། འོན་ཀྱང་ཉེ་ཆར་སྤྱི་ཟུར་བསོད་ནམས་སྟོབས་རྒྱལ་ཁོང་གིས་དེ་འདྲ་ཁྱོན་ནས་བཤད་མེད་ལུགས་དང་ཚོགས་གཙོས་རྫུན་བཤད་པ་རེད་ཅེས་རླུང་འཕྲིན་ནང་དུ་བཤད་སོང་། ཁྱེད་ཀྱིས་དེ་སྔར་བཤད་པ་དེ་བདེན་པ་ཡིན་ནམ་རྫུན་ཡིན། ཁ་གསལ་གསུང་རོགས།

16
སྲིད་སྐྱོང་གིས་ཨ་རི་དོན་གཅོད་ཁང་དུ་༸སྐུ་མདུན་གྱི་སྐུ་པར་མར་ཕབ་ནས་རང་ཉིད་ཀྱི་པར་ཡར་བཤམས་ཡོད་ལུགས་བཤད་བཞིན་པ་དེ་བདེན་པ་རེད་དང་མ་རེད། གྲོས་ཚོགས་ནང་དུ་འདིའི་སྐོར་སྲིད་སྐྱོང་གིས་ལན་འདེབས་ཆ་ཚང་བྱས་ཡོད་ལུགས་གསུངས་འདུག་པས་ལན་ཏག་ཏག་ཐེབས་ཡོད་དང་མེད། མེད་ན་ག་རེ་སྐོར་ལ་ལན་ཐེབས་མེད་གསལ་པོ་གསུང་རོགས།

17
དཔལ་ལྡན་ཚོགས་གཙོ་མཆོག་གི་རྒྱབ་སྐྱོར་བས་ཆེད་འཛུགས་བྱས་པའི་གངས་ཅན་གླེང་ཞེས་པའི་ཚོགས་པའི་ནང་དུ་ཨ་ཅག་གཅིག་གིས་ཚོགས་གཙོ་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་སྲིད་སྐྱོང་གི་གཏམ་ཉན་མཁན་འགྲོ་མི་རུང་བའི་བརྒྱུད་སྐུལ་བྱས་པ་སྤྱི་ཚོགས་སུ་ཁྱབ་ཡོད། ཚོགས་གཙོ་མཆོག་ནས་ཤེས་རྟོགས་བྱུང་ཡོད་དང་མེད། ཡོད་ན་ལམ་སྟོན་དང་བཀའ་ག་རེ་ཕེབས་ཡོད། མེད་ན་ད་རེས་འདིའི་ཐད་སྐུ་ཉིད་ལ་ག་རེ་གསུང་ཡ་ཡོད།

18
ཚོགས་གཙོ་མཆོག་གིས་རྒྱབ་སྐྱོར་བ་འགའ་ཤས་ཀྱིས་མངོན་སུམ་འཛེམ་མེད་ཐོག་ནས་སྲིད་སྐྱོང་གིས་༸གོང་ས་མཆོག་གི་སྐུ་པར་མར་ཕབ་སྟེ་རང་ཉིད་ཀྱི་པར་ཡར་བཤམས་ཡོད་པ་རེད་ཅེས་མི་མང་ལ་ཤུགས་ཆེན་བཤད་དགོས་ཚུལ་གླེང་བཞིན་པ་མཁྱེན་རྟོགས་བྱུང་ཡོད་དང་མེད། འདིའི་ཐད་དགོངས་ཚུལ་གསུང་རོགས།

19
ཉེ་ཆར་སྐུ་ཉིད་ཀྱི་རྒྱབ་སྐྱོར་བས་དོལ་རྒྱལ་ཚོགས་པའི་ལས་ཤོག་སྟོང་པའི་ཐོག་ཏུ་ཡི་གེ་རྫུན་བཟོ་བྱས་ཏེ་སྲིད་སྐྱོང་དང་དོལ་ཚོགས་འབྲེལ་བ་ཡོད་ལུགས་ཀྱི་བསྙོན་འཛུགས་བློ་ལ་མི་ཤོང་བ་བཟོས་ཡོད་པ་དེ་ཧ་ཅང་བློ་ཕམ་གྱི་རང་བཞིན་ཆགས་ཡོང་པ་དེར་སྐུ་ཉིད་ལ་དགོངས་ཚུལ་ཅི་ཡོད།

20
གངས་ཅན་གླིང་སོགས་ཚོགས་གཙོ་མཆོག་གི་རྒྱབ་སྐྱོར་བས་ཆེད་འཛུགས་བྱས་པའི་སྐད་འཕྲིན་ཐོག་ཏུ་ཆོལ་ཁ་ཕྱོགས་རིས་དང་མཐུན་སྒྲིལ་གཏོར་བཅོམ་གཏོང་བྱེད་ཀྱི་སྐད་ཆ་ཤ་སྟག་བཤད་དེ་སྤྱི་ཚོགས་བརྡབ་གསིག་ཤུགས་ཆེན་བཏང་དང་གཏོང་མུས་འདུག་པ་དེར་ལམ་སྟོན་དང་བཀའ་སློབ་ཕེབས་ཡོད་དང་མེད། 

21
ཉེ་ཆར་སྐུ་ཉིད་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་གྱི་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས་སྲིད་སྐྱོང་གིས་འཆི་མེད་གཡུལ་དྲུང་སོགས་ལ་ལྐོག་རྔན་སྤྲོད་ནས་འོས་ཐབས་ཐབས་བྱེད་འདུག་ཅེས་སྙོན་འཛུགས་བྱས་འདུག་པར་ཁྱེད་ལ་དགོསས་ཚུལ་ཅི་ཡོད།

22
སྐུ་ཉིད་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཆོལ་ཁའི་ཕྱོགས་ཞེན་དང་སྲིད་སྐྱོང་ལ་སྐྱོན་འཛུགས་རྐྱང་རྐྱང་བྱས་ཏེ་སྐུ་ཉིད་ལ་འོས་ཐོབ་ཐབས་ཀྱི་ལས་འགུལ་སྤེལ་བཞིན་པ་འདི་དག་ཡ་རབས་བཟང་སྤྱོད་དང་མཐུན་ཡོད་དང་མེད།

23
ཁྱེད་ཀྱིས་སྲིད་སྐྱོང་དང་སེང་གེ་བཀའ་ཤག་ལ་སྐྱོན་འཛུགས་མང་པོ་བྱས་འདུག་པ་དག་ནས་གཞི་མེད་སྐྱོན་འཛུགས་སུ་གྱུར་པ་བྱུང་ཡོད་དང་མེད། ཡོད་ན་གང་དང་གང་ཡིན། མེད་ན་ཁྱེད་ཀྱིས་སྐྱོན་འཛུགས་དག་ལ་སྲིད་སྐྱོང་གིས་རེ་རེ་བཞིན་བདེན་པ་མིན་ལུགས་གསུང་བཞིན་འདུག་པས་ཁྱེད་རང་ལ་ལན་ག་རེ་སྤྲོད་ཡ་ཡོད། 

24
ད་ལན་འོས་བསྡུ་དེ་དྲང་པོ་དེ་ཙམ་བྱུང་མེད་ལུགས་ཀྱི་སྐད་ཆ་མང་པོ་འགྲོ་བཞིན་པ་དང་། བོད་དོན་རྒྱབ་སྐྱོར་མང་པོ་ཞིག་གིས་མིང་རྟགས་བཀོད་ནས་སྙན་ཞུ་ཕུལ་ཡོད་པ། ཨ་མི་རི་ཀིའི་གྲོགས་ཚོགས་འཐུས་མི་ཞིག་གིས་བཙན་བྱོལ་བོད་མིའི་འོས་བསྡུ་ལ་ཞིབ་འཇུག་དགོས་སྐོར་གྱི་ཡིག་ཆ་ཐོན་པ་བཅས་དེ་སྔ་བྱུང་མ་མྱོང་བ་ཞིག་སླེབས་པ་འདི། རང་བཙན་འཐབ་རྩོད་པའི་འོས་མི་ཞིག་དྲང་བཞག་མིན་པའི་ཐབས་ལམ་སྤྱད་ནས་བཀག་འོག་བྱས་པ་དེས་རྐྱེན་པས་བྱུང་ལུགས་ཀྱང་བཤད་མཁན་འདུག ཁྱེད་ཀྱིས་ངོས་འཛིན་ག་རེ་གནང་གི་ཡོད།

25
སྐུ་ཉིད་ཀྱིས་དུས་དབང་ཕྱིར་འགྱངས་སྐོར་གྱི་༧གོང་ས་མཆོག་གི་བཀའ་སློབ་གཞན་བསྒྱུར་བྱས་པ་དང་ཀརྨ་ཆོས་འཕེལ་གྱིས་༧གོང་ས་མཆོག་གི་བཀའ་སློབ་གཞན་བསྒྱུར་བྱས་པ་གཉིས་མི་འདྲ་བའི་ཆ་གཏན་ནས་མི་ལུགས་བཤད་མཁན་ཧ་ཅང་མང་བས་ཁྱེད་ཀྱིས་འདི་ངོས་ལེན་གནང་གི་ཡོད་དང་མེད། མེད་ན་འདི་གཉིས་མི་འདྲ་བའི་རྒྱུ་མཚན་གསུང་རོགས།



གུས་སྲོང་བཙན་གྱིས་ཕྱོགས་བསྡུས་བྱས།
Powered by Blogger.