བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱིས་ཉེས་བརྡ་བཏང་ཡོད།



དེ་རིང་གི་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱི་དགོངས་ཞུ་དེ་ཏག་ཏག་གནད་ལ་ཁེལ་བ་བྱུང་ཡོད་ཅིང་། ཉེས་བརྡ་ཞིག་ཀྱང་བཏང་ཡོད་པས་ད་དུང་འཕག་འཚག་བརྒྱབ་ན་ཞིབ་ཕྲའི་གནས་ཚུལ་བཤད་རྒྱུ་ཡིན་པའི་གསར་འགོད་བསྒྲགས་གཏམ་ཞིག་ཀྱང་སྤེལ་ཡོད། ཉེས་བརྡ་འདི་དང་གསལ་བསྒྲགས་འདི་དུས་ཚིགས་འདི་འདྲ་ལ་སྤེལ་བ་ནི་ཧ་ཅང་འཚམ་པོ་ཞིག་ཆགས་ཡོད་པ་ཙམ་མ་ཟད། ད་དུང་ཁ་གསལ་མ་བཤད་པར་རྔ་ཅི་རྡུང་ལ་འཆམ་འཁྲབ་རྒྱུ་ཡོད་ལུགས་ཀྱི་རིགས་ལམ་དེའང་ཚད་མཐོན་པོ་ཞིག་གྱུར་ཡོད། མ་གཞི་ཕྱིལ་དྲིལ་བཀའ་བློན་དང་ནང་སྲིད་བཀའ་བློན་གཉིས་སྐབས་རྗེས་མའི་སྲིད་སྐྱོང་འོས་མིར་ལང་རྒྱུ་ལ་རྒྱུ་མཚན་མང་པོའི་ཐོག་ནས་འོས་བབ་ཡོད་པས་ཁོང་གཉིས་བསྟུན་མར་ལོ་བཅུའི་རིང་དུ་བཀའ་བློན་ཁུར་ཤེས་ཐབས་མེད་པ་ནི་ཧ་ཅང་གསལ་པོ་རེད། ཁྲིམས་སྒྲིག་གི་ཐོག་ནས་དུས་ཡུན་ལོ་བཅུ་ལ་བཀའ་བློན་གྱི་འགན་ཁུར་བའི་མི་ཞིག་བསྐྱར་དུ་སྲིད་སྐྱོང་དང་བཀའ་བློན་ལ་ཕེབས་ཐབས་མེད་པ་གསལ་ཡོད་སྟབས། ཁོང་གཉིས་པོ་བསྐྱར་དུ་དུས་ཡུན་ལོ་ལྔ་མི་བཞུགས་པར་དགོངས་ཞུ་གཏོང་ངེས་ཡིན་པ་ནི་སྔོན་ནས་ཐག་གཅོད་ཟིན་པ་ཞིག་རུང་ཕྱི་དྲིལ་བཀའ་བློན་གྱིས་དགོངས་ཞུ་སྔ་སྣུར་གྱིས་ཉེས་བརྡ་གཏོང་དགོས་ཐུག་ཡོད།

ད་ལོའི་དངོས་གཞིའི་འོས་བསྡུ་ཉེ་སྐབས་དཔལ་ལྡན་བཀའ་ཤག་ལ་ནག་མེད་ཉེས་འཛུགས་དང་གཟུགས་མེད་གྲིབ་བཟོའི་གནས་ཚུལ་ཉེས་འཚབ་ཆེ་བ་རེ་བྱུང་ཡོད་པ་ནི་ཀུན་གྱིས་ཤེས་གསལ་ལ། ད་དུང་བཀའ་ཤག་གི་བཀའ་ཡིག་ལའང་བརྩི་སྲུང་མི་ཞུ་བའི་གནད་དོན་རྫབ་ཆེན་རེ་ཐོན་ཡོད་པ་ཙམ་མ་ཟད། མི་ལོ་ཧྲིལ་པོ་བཞི་དང་ཕྱེད་ཀའི་རིང་དུ་དཀའ་ངལ་དང་སྡུག་རིས་བྱས་ཏེ་ཚད་མེད་པའི་མཛད་པ་བསྐྱངས་ཚུལ་ཐམས་ཅད་རྩམ་པ་རླུང་གིས་ཁུར་བ་ལྟར་བྱེད་རྩིས་གནང་བ་ནི་དཔལ་ལྡན་བཀའ་ཤག་གིས་བཟོས་སྒོམ་ཐུབ་པ་ཞིག་ག་ལ་ཡིན།

དུས་དབང་ཕྱིར་འགྱངས་དང་འབྲེལ་ནས་བཀའ་ཤག་གིས་བཀའ་ཡིག་ཕེབས་དགོས་བྱུང་ཡོད་ལ། བཀའ་ཤག་གི་བཀའ་ཡིག་ལ་བརྩི་སྲུང་གཏན་ནས་མ་བྱས་པར་འདི་ཟླ་ཚེས་༩ཉིན་སྐུ་ངོ་སྤེན་པ་ཚེ་རིང་མཆོག་གི་སྒེར་གྱི་མཚན་ཐོག་ནས་ཡི་གེ་འབྱོར་ཡོད། སྐུ་ངོའི་ཡི་གེ་འདིས་དཔལ་ལྡན་བཀའ་ཤག་གིས་བཀའ་ཁྱབ་ངོས་ལེན་མི་ཐུབ་པའི་སྐོར་འཁོད་པ་ཙམ་མ་ཟད་བཀའ་བློན་ཚོར་བློ་ཕམ་དགོས་པའི་ནང་དོན་བཀོད་ཡོད་སྟབས་ད་ལྟའི་བཀའ་ཤག་གིས་ལས་ཁོངས་ཁག་སྒོ་བརྒྱབ་སྟེ་བཀའ་བློན་བརྒྱད་པོས་དགོངས་ཞུ་གཏོང་དགོས་ངེས་སུ་ཐུག་ཡོད་པ་སྨྲས་མེད་ཡིན་རུང་། དེ་ལྟར་མ་གནང་བར་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་སྒེར་གྱིས་ཉེས་བརྡ་གཏོང་ལུགས་འདི་དགོངས་པ་ཆེ་བཞེས་དང་སྤྱི་ཚོགས་སུ་བརྡབ་གསིག་ཤུགས་ཆེན་མི་འགྲོ་བའི་བྱ་ཐབས་མཁས་པོ་དང་དགོངས་ཡོངས་དཀྱེལ་ཆེ་རང་གནང་འདུག བཀའ་བློན་གཞན་གྱིས་དགོངས་ཞུ་མ་བཏང་བར་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ཀྱིས་དགོངས་ཞུ་གཏོང་དགོས་དོན་ཅི་ཞིག་ཡིན་ནམ། འདི་ནི་རྒྱུ་མཚན་ལས་སླ་སྟེ། མོ་རང་མདོ་སྨད་ཆོལ་ཁ་ནས་ཡིན་སྟབས་ཆོལ་ཁའི་ཕྱོགས་ཞེན་རེད་ཅེས་ད་སྐབས་ཀྱི་ཚོགས་གཙོའི་རྒྱབ་སྐྱོར་བ་ཚོས་མངོན་སུམ་འཛེམས་མེད་ཀྱིས་ཉེས་འཛུགས་གནང་ས་དེ་མེད་ལ། ལྷག་པར་དུ་ཚོགས་གཙོ་དང་ཆོལ་ཁོངས་གཅིག་ནས་ཡིན་སྟབས་ཚོགས་གཙོ་ལ་ཉེས་བརྡ་གཏོང་ན་ཆབ་སྲིད་རང་བཞིན་གྱི་གནད་འགག་ཆེན་པོ་ལྡན་ཡོད།

དཔལ་ལྡན་ཚོགས་གཙོ་མཆོག་གིས་ད་ལྟའི་བཀའ་ཤག་གི་ལས་དོན་ཁག་ཡག་པོ་འགྲོ་བཞིན་མེད་ལུགས་དང་། ༧གོང་ས་མཆོག་ལ་མཛད་དཀའ་བཟོ་སྲིད་བ། བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་ཧྲ་ཐག་ཐག་བཟོས་བཞག་པ་དེ་རྦོམ་ལུག་སྲིད་ཟེར་བ་དང་དུས་དབང་ཕྱིར་འགྱངས་ཀྱི་སྐོར་དེ་སྲིད་སྐྱོང་གི་བྱས་ཉེས་ཡིན་ཚུལ་སོགས་ཀྱི་ད་ལྟའི་བཀའ་ཤག་གི་གྲུབ་འབྲས་འབུར་དུ་ཐོན་པ་དག་ནག་བསུབ་བཏང་སྟེ་སྐྱོན་འཛུགས་ཤ་སྟག་བྱས་པའི་ཉེར་ལེན་ལ་བཀའ་ཤག་གིས་བཀའ་ཁྱབ་གཏོང་དགོས་ཐུག་ཡོད་ལ། དེ་རིང་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱིངས་ཀྱི་གསལ་འགོད་བསྒྲགས་གཏམ་དེ་སྤེལ་དགོས་ཐུག་ཡོད།


བཀའ་བློན་བདེ་སྐྱིད་ཆོས་དབྱིངས་ཀྱིས་མི་ལོ་བཞི་ལྷག་ཙམ་རིང་ལ་རང་ཉིད་ཀྱི་ལས་དོན་བྱེད་ཕྱོགས་ཁག་བློ་ཁ་འཚིམ་པོ་བྱུང་ཡོད་ལུགས་དང་ད་རུང་སྤྱི་ཚོགས་སུ་ཞབས་ཞུ་གནང་བར་སེམས་ཤུགས་དང་གདེང་ཚོད་ཡོད་ལུགས་གསུངས་ཡོད་པར་བལྟས་ན་ཁོང་ཉིད་བཀའ་ཤག་གི་ལས་དོན་བྱེད་ཕྱོགས་ལ་འདོད་བློ་མ་ཁེངས་པ་དང་སྲིད་སྐྱོང་གི་གནང་ལུགས་ལ་བློ་ཕམ་གྱིས་དགོངས་ཞུ་གཏོང་དགོས་ཐུག་པ་ཞིག་མ་ཡིན་པར་ཧ་ཅང་གསལ་པོ་ཆགས་ཡོད།
Powered by Blogger.