སྤེན་ཚེས་འོས་ཤོག་སྟོང་ཕྲག་བཅུ་བློ་སེང་ལ་ཕུལ་བ།



རང་གི་མི་རིགས་དང་ཆོས་སྲིད་ཀྱི་དོན་དུ་སྲིད་སྐྱོང་གི་འོས་བསྡུའི་ནང་དུ་མཉམ་བཞུགས་གནང་བའི་བཀུར་འོས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། གཏམ་བཤད་དང་དྲིལ་བསྒྲགས་གནང་སྟེ། འཛམ་གླིང་གི་ས་ཆེན་པོར་སྐོར་བ་ཐེངས་གཅིག་བརྒྱབ་ནས། རྡ་ས་ཕེབས་རྗེས་རང་གིས་སྐུ་ངལ་ཚད་མེད་སྐྱོན་ནས་ཐོབ་པའི་འོས་ཤོག་སྟོང་ཕྲག་འགའ་ཤས་སྲིད་སྐྱོང་གི་འོས་སྒོམ་ནང་དུ་བླུགས་སོང་། སྲིད་སྐྱོང་གིས་ལག་སྲིངས་ཏེ་སྤྲོད་རོགས་ཞེས་སློང་མི་དགོས་པར་སྐུ་ཉིད་ཀྱིས་མ་སྐུལ་དང་བླངས་ཀྱིས་དེ་འདྲ་གནང་བར་སྙིང་ནས་དཀའ་དྲིན་ཆེ་ཞུ།

འོས་བསྡུའི་འགྲན་རྩོད་ཀྱི་བརྒྱུད་རིམ་དུ་ཧ་ཅང་ཉེས་ཚབས་ཆེ་ཞིང་། སྤྱི་ཚོགས་གཡོ་སྐྱོམ་གཏོང་བའི་གནད་དོན་ཞིག་གང་སར་ཁྱབ་རྗེས། སྲིད་སྐྱོང་བློ་སེང་གི་རྒྱབ་སྐྱོར་བ་ཚོ་ཉལ་ན་གཉིད་མི་ཁུག་ཟ་ན་བྲོ་བ་མི་མྱོང་བའི་དུས་ཚོད་ཐུང་ཐུང་ཞིག་སླེབས་ཡོད། དེ་ནི་ལོས་ཡིན་སྟེ། མི་ལོ་ཧྲིལ་པོ་བཞི་ལྷག་ལ་ངལ་བ་འཛེམ་མེད་ཀྱིས་བཀའ་ཤག་གི་ཞབས་སྟེགས་ཐོག་ནས་རྒྱ་ཆེ་མི་མང་ལ་ཞབས་འདེགས་ཞུས་པ་དང་། གཞིས་བྱེས་གཉིས་ཀ་ན་བསྟོད་པའི་གླུ་དབྱངས་ལེན། ལག་གི་མཐེ་མོ་བསྟན། རྒྱལ་སྤྱིའི་སྡིངས་ཆ་ན་མཁས་དབང་གི་གོ་ཐོབ་རག་དང་ཐོབ་བཞིན་པའི་མཚན་སྙན་དང་འདེགས་འཇོག བརྩི་བཀུར་དང་དགའ་ཞེན། སྤོབས་པ་དང་ཡིད་ཆེས། ལྷག་ཏུ་༸སྐྱབས་མགོན་རྒྱལ་བའི་དབང་པོས་བསྟོད་པའི་བཀའ་གསུང་ལན་མང་བྱོན་ཅིང་ཕྱག་གིས་འཇུས་ཏེ་འཛམ་གླིང་ན་ངོ་སྤྲོད་གནང་བ་སོགས་བཤད་ན་རྫོགས་རྒྱུ་མེད་ཅིང་། བསམ་ན་ཡིད་མི་ཆེས་པའི་ཕྱག་ལས་དེ་དག་རྐང་བསུབ་ལག་བསུབ་ཏུ་གཏོང་ཉེན་ཆེ་ལ། ངལ་བ་ཐམས་ཅད་འབྲས་མེད་དུ་ཆགས་ཉེན་ཆེ་བའི་ཛ་དྲག་པའི་གནས་ཚུལ་ཞིག་ཡོང་གྲབས་བྱས་ཡོད།

དུས་དབང་ཕྱིར་འགྱང་གི་སྐོར་དེ་ནི། སྤྱི་ཚོགས་ཀྱི་དཀྲོག་གཏམ་ནས་མཐའ་མ་ཚོགས་གཙོའི་ལག་ཏུ་ལྷུང་སྟེ། ཁོང་གིས་སྤྱི་ཚོགས་སུ་སླར་ཡང་འུར་སྒྲོགས་ཆེན་པོ་ཞིག་གནང་རྗེས། མི་མང་པོ་ཞིག་ཧ་ལས་ཧོན་འཐོར་བ་བྱུང་ཡོད། ཁག་ཅི་ཡོད། རྩ་ཆེའི་དུས་དབང་མེད་པར་བྱས་ན་བཟོད་ཐབས་མེད་པ་ཞིག་ཡིན་ཁར། ཆོས་སྲིད་གཉིས་ཐད་ནས་ངེད་ཅག་ལ་གྱོང་གུད་ཧ་ཅང་ཆེན་པོ་ཞིག་ཐེབས་ཡོད་པ་སྨོས་མེད་རེད། ད་དུང་༸གོང་ས་མཆོག་དགོངས་པ་འཚོམས་ཡོད་ན་དེའང་དེ་མུར་འཇོག་ཐབས་མེད་པ་ཞིག་ཡིན་ལ། ད་ལྟ་རང་བློ་སེང་སྲིད་སྟེགས་ནས་ཕབ་རུང་བློ་ཕམ་བྱེད་ས་ཞིག་ལྷག་མེད། འདིའི་ཐད་ངས་རྩོམ་ཡིག་སྔ་ཕྱི་གཉིས་བྲིས་ཏེ་སྤྱི་ཚོགས་སུ་བཀྲམས་ཡོད་ཅིང་། རྩོམ་ཡིག་དང་པོའི་ནང་དུ་དུས་དབང་ཕྱིར་འགྱང་གི་གནད་དོན་དེས། འོས་མི་གཉིས་པོ་གང་རུང་ཞིག་ལ་འདག་ཐབས་མེད་པའི་ནག་ཉེས་དང་འཇོག་ཐབས་མེད་པའི་ཁུར་པོ་ཞིག་ཁུར་དགོས་ཡོང་ཚུལ་སྐོར་བྲིས་ཡོད། མ་ཟད་གནད་དོན་འདིས་སུ་ལ་ནག་ཉེས་ཕོག་ན་དེས་ཆབ་སྲིད་ཀྱི་རྐུབ་སྟེགས་ཤོར་རྒྱུའི་རྐྱེན་རྩ་ཞིག་བཟོ་ངེས་རེད་ཅེས་དབྱེ་ཞིབ་བྱས་ཡོད། དེ་མཚུངས་རྩོམ་ཡིག་ཕྱི་མའི་ནང་དུ་ཚོགས་གཙོའི་གཏམ་བཤད་ཁག་དངོས་ཡོད་ཡིན་ཤག་དང་། བདེན་གཏམ་ཡིན་ངེས་སྙམ་བཞིན་དུས་དབང་ཕྱིར་འགྱང་གི་གནས་ཚུལ་ཐད་དབྱེ་ཞིབ་དང་། རིགས་སྒྲུབ་ནན་ཏན་བྱས་ཏེ་ཚོགས་གཙོའི་རྣ་ཁུང་ན་གསང་གཏམ་བཤད་མཁན་དེ་སུ་ཡིན་གྱི་རྩད་གཅོད་ནན་པོར་བྱས་ནས་བྲིས་ཡོད། སྟབས་མ་ལེགས་པ་ཞིག་ལ་ཚོགས་གཙོས་ཟླ་ཚེས་དང་བཅས་པ་ཤེས་ལུགས་དང་། བརྒྱུད་རིམ་དང་བཅས་པ་བཤད་པའི་གཏམ་བཤད་ཁག་གཉིས་ཀ་རྫུན་རྐུབ་ཡོངས་སུ་རྡོལ་ནས། འུ་ཐུག་པའི་གསལ་བཤད་ཅིག་གནང་དགོས་ཁེལ་ཡོད། ངས་རྗེས་ནས་བཤད་ཀྱི་མིན་ཟེར་བ་དང་། སྲིད་སྐྱོང་གིས་གནས་ཚུལ་ཆ་ཚང་མ་བཤད་པའི་དབང་གིས་བྱུང་སོང་ཟེར་བ་དག་ཅི་བཤད་འདི་བཤད་དང་། འདི་ཡིན་དེ་ཡིན་མེད་པའི་བཀའ་མོལ་འགའ་གསུངས་རྗེས་ཤར་རེ་ལས་ཁང་དུ་ཕེབས་གནང་སོང་། 

ང་ཚོས་བཀའ་ཤག་གིས་གསལ་བསྒྲགས་དང་ཚོགས་གཙོའི་གཏམ་བཤད་སྔ་ཕྱི་གཉིས་ཀ་བསྡུར་ནས། སྡོམ་ཞིག་བརྒྱག་དགོས་ན་ཧ་ཅང་ལས་སླ་པོའི་ཐོག་ནས་རྒྱག་ཐུབ། དེ་ལྟ་ནའང་ད་དུང་ཚོགས་གཙོའི་སྐད་ཆ་རེ་གཉིས་གསལ་པོ་ཆགས་མེད་ལ། རྫུན་བཤད་པའི་དམིགས་ཡུལ་དང་། ཁོང་གི་རྣ་ཁུག་ཏུ་གསང་གཏམ་བཤད་མཁན་སུ་ཡིན། ༸གོང་ས་མཆོག་དགོངས་པ་འཚོམས་ལུགས་དང་། བཀའ་ཤག་ལ་བཀའ་བཀྱོན་གནང་ལུགས།  རྡ་སའི་ཚོགས་པ་ཞིག་གིས་བརྟན་བཞུགས་ཕུལ་བ་དང་འབྲེལ་བ་ཡོད་ཚུལ། ད་རུང་༸གོང་ས་མཆོག་གིས་དུས་དབང་ཕྱིར་འགྱང་དེ་སྨན་བཅོས་ཆེད་ཡིན་ལུགས་གསུངས་ཚར་གཉིས་ཕེབས་པ་དེ་དགོས་པའི་དབང་གིས་གསུངས་པ་ཞིག་ལས་དངོས་ཡོད་དེ་འདྲ་མིན་ཚུལ་བཤད་པ་དེ་དག་ཆེད་དུ་བཟོས་པ་ཞིག་ཡིན་མིན་ཁ་གསལ་བཟོ་རྒྱུ་ལྷག་ཡོད། ཚོགས་གཙོས་ནག་ཉེས་འདི་དག་ཁུར་ཐབས་བྲལ་བ་ཤེས་རྟོགས་ཡོད་དུས། ད་ནས་དྲི་བ་དྲིས་རུང་བཤད་ཀྱི་མི་ཚུལ་གྱིས། རང་གི་ཁ་རང་གིས་བཀབ་ཐབས་གནང་སོང་མོད། རྒྱ་ཆེན་མི་མང་ཚོས་རྒྱུ་མ་ཕུ་འདེད་བྱས་ཏེ། ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ཅིག་ཡོང་ཐབས་བཟོ་དགོས་པ་ནི་ཧ་ཅང་གལ་ཆེ་བ་ནི་བཤད་ཅི་དགོས། ངན་པ་རྒྱ་ཡན་དུ་མི་གཏོང་བར་གསལ་རིས་མཐོང་གསལ་ཞིག་ངེས་པར་བཟོ་དགོས། ཚོགས་གཙོས་ངོས་ནས་ཀྱང་བཤད་པ་དག་ལ་ཁུངས་ལུང་མེད་ན་མི་མང་ལ་དགོངས་སེལ་ཞུ་དགོས་ཤིང་། ཁུངས་ཡོད་ཀྱི་གཏམ་དང་རྒྱབ་རྟེན་གྱི་ལུང་ཡོད་ན། རང་གི་ཁ་པོ་ཆེ་དེ་རང་ལག་གིས་མི་བཀབ་པར་གསལ་བཤད་ནན་ཏན་གནང་དགོས་རྒྱུ་ནི་རང་འཁྲི་རང་སྒྲུབ་དང་། ལས་འགན་ལེགས་ཁུར་གྱི་མ་མཐའི་ཚད་གཞི་ཞིག་ཡིན། མ་མཐའི་ཚད་གཞི་ཙམ་ཡང་ཁུར་མི་འདོད་ན་སྲིད་སྐྱོང་གི་ཞབས་སྟེགས་ན་སྐུ་ཉིད་ཕེབས་རྒྱུ་འོས་འཚམས་ཡིན་མིན་ཐུགས་བསམ་བཞེས་རོགས། གལ་ཏེ་སྲིད་སྐྱོང་ལ་དོན་མེད་སྙོན་འཛུགས་དང་བཀའ་ཤག་ལ་གཞི་མེད་སྐུར་འདེབས། དགའ་ལྡན་ཕོ་བྲང་ལ་དོན་མེད་རྙོག་གླེང་། གོང་ས་མཆོག་གི་བཀའ་གསུང་རྫུན་བསྒྱུར། རྒྱ་ཆེ་མི་མང་དབུ་སྐོར་དང་སྤྱི་ཚོགས་འཁྲུགས་རྐྱེན་སློང་བ་སོགས་ངོས་འཛིན་ཐུབ་སྟེ། འགྱོད་བཤགས་དང་དགོངས་སེལ་ཞུ་འདོད་མཆིས་ཚེ། བཟང་སྤྱོད་དང་ལྡན་པའི་ངང་ནས་དངོས་གཞི་འོས་མི་ལས་ཕྱིར་འཐེན་གནང་དགོས། དངོས་གཞི་འོས་མི་ལ་ཕེབས་པའི་ཆ་རྐྱེན་མི་ཚང་བཞིན་དུ་ཨུ་ཚུགས་མི་གནང་བ་དང་། དངོས་གཞི་འོས་ཤོག་གི་གཞུང་གྲོན་ཧིན་སྒོར་འབུམ་ཕྲག་དུ་མ་དོན་མེད་ཆུད་ཟོས་སུ་མི་འགྲོ་ཆེད། འོས་མི་ལས་ཕྱིར་འཐེན་གནང་དགོས། འདི་ནི་ཁྱེད་ལ་ཞུས་པའི་རེ་བ་ཆུང་ཆུང་ཞིག་ཡིན། འདི་ནི་སྐུ་ཉིད་ཀྱི་ཉེས་པ་འདག་ཐབས་བཟང་ཤོས་དེ་ཡིན། 

2016-2-6

No comments:

Powered by Blogger.