བདག་གི་སྤྱི་འཐུས་འོས་མི་ལ་འགྱུར་བ་ཐེབས་སོང་།


ད་རེས་སྤྱི་འཐུས་ཀྱི་སྔོན་འགྲོ་དང་དངོས་གཞི་གཉིས་ཀྱི་བར་དུ་རང་ཉིད་ཀྱི་འོས་མི་ལ་འགྱུར་བ་ཆེན་པོ་ཞིག་བཏང་ཡོད། འགྱུར་བ་འདི་འདྲ་ཞིག་མ་གཏོང་ཐབས་མེད་ཆགས་སོང་། འགྱུར་བ་འདིས་མདོ་སྟོད་ཆོལ་ཁའི་མ་འོངས་ལས་དབང་ལ་འཕོ་འགྱུར་དང་བཟང་ཕྱོགས་ཀྱི་ནུས་པ་ཞིག་ཐོན་ན་སྙམ་པ་ཡིན། འགྱུར་བ་འདི་འདྲ་ཞིག་མ་གཏོང་དཀའ་མེད་རེད་འདུག 

མདོ་སྟོད་དུམ་བུ་གཉིས་ཆགས་ནས་ནང་ཁུལ་གྱི་དཀའ་ངལ་ཆེ་རགས་གླེང་ནས་ད་བར་སླེབས་ཡོད་ལ། དེ་རིང་ལ་ཡང་མིས་ནང་མ་མཆམ་པའི་དཔེ་མཚོན་ལ་མདོ་སྟོད་བཞག་རྐྱང་དང་། མདོ་སྟོད་པ་ཚོས་ཀྱང་ཡིན་ཤག་གིས་ཉན་ནས་འགྲོ་བཞིན་པ་ཡིན། བཙན་བྱོལ་མདོ་སྟོད་ཆོལ་ཁོངས་སུ་མནའ་རབས་ཀྱི་རྒན་པོ་རུས་པ་ཅན་ཚོ་ཕལ་ཆེར་བ་བཤེགས་ཟིན་ལ། ད་ལྟ་རེ་འགའ་བཞུགས་པ་དག་ཀྱང་ལས་དོན་ལ་ལག་པ་འཆང་གི་མེད་སྟབས། ཁོ་ཚོའི་བར་གྱི་སེལ་ཐབས་མེད་པའི་འགལ་བ་དེ་ཚོའང་ད་ཆ་མངོན་གསལ་དང་ཛ་དྲག་གང་ཡིན་མིན། ལྷག་པར་དུ་མདོ་སྟོད་གཞོན་སྐྱེས་ཚོས་དེ་སྔར་གྱི་འགལ་བ་ནག་པོ་དེ་ཚོས་ཁུར་ནས་ནང་འཁྲུགས་རྒྱག་པའི་བསལ་བློ་དང་། ན་ཚ་རྙིང་པ་ཞིག་འདྲུ་ཡོང་ནས་ཕན་ཚུན་སེལ་ཐབས་མེད་པའི་ལས་ཀ་ཞིག་ལ་ཤི་འཐོམ་རོ་འཐོམ་མི་བྱེད་པ་གསལ་པོ་ཡིན། སྐབས་འདི་འདྲ་ལའང་ད་དུང་ཚོགས་པ་གཉིས་ཀྱི་མིང་ཐོ་ཞིག་སྤྱི་ཚོགས་སུ་ཁྱབ་གཅུག་པ་དང་ནང་མི་འཆམ་པའི་དཔེ་མཚོན་ལ་བགྲང་དུ་གཅུག་ནས་བཞུགས་སྡོད་ན་ཧ་ཅང་བློ་ཕམ་རེད།

རང་གི་འོས་ཤོག་དེ་སུ་ལ་འཕེན་མིན་ནི་མི་རང་ཉིད་ཀྱི་གདམ་ཀ་དང་ཐོབ་ཐང་ཡིན་རུང་། རང་གི་འོས་ཤོག་འཕང་ས་དེ་ལ་ཞིབ་འཇུག་དང་དེའི་རྒྱབ་མདུན་གྱི་གནས་ཚུལ་ཡང་ངེས་པར་ཤེས་དགོས། ད་ཡོད་ཀྱི་སྤྱི་འཐུས་དང་དངོས་གཞི་འོས་མིར་ཚུད་པའི་སྤྱི་འཐུས་རེ་འགའ་ཆུ་སྒང་གསར་པའི་ཉེ་ཕྱོགས་སུ་སོང་སྟེ། ལས་དོན་མང་པོ་ཞིག་བྱེད་བཞིན་ཡོད་ཚུལ་གོ་བ་ཙམ་མིན་པར་འབྲེལ་ཡོད་ཅིག་གིས་ཟེར་ན་སྤྱི་འཐུས་དབུ་དཀར་གཡུ་སྒྲོན་ལ་ལྡི་ལི་ཆུ་སྒང་ཚོགས་པའི་ཚོགས་འདུ་སོགས་ལ་མགྲོན་ཤོག་མ་ཕུལ་བ་ཞིག་མེད་རུང་ནམ་ཡང་ཡོང་མྱོང་མེད་ཟེར། ད་དུང་མདོ་སྟོད་སྤྱི་འཐུས་ཚོ་ལྷན་འཛོམས་རེ་ཡོང་སྐབས་མོ་གཡོལ་ཅི་ཐུབ་བྱེད་བཞིན་པ་ཡིན་ལུགས་ཀྱང་བཤད་སོང་། ཆོས་སྐྱོང་དབང་ཕྱུག་ཀྱང་བར་འདུག་དང་མགོ་གཉིས་མ་ཞིག་མི་བྱེད་རྒྱུ་ང་ཚོའི་རེ་བ་ཡིན། ཁྱེད་གཉིས་ལ་ཤེས་ཡོན་ཡག་པོ་ཡོད་སྟབས་ང་ཚོ་དགོས་མཁོ་ཡོད། འོན་ཀྱང་རང་གིས་རང་བསད་ན་ང་ཚོ་ལའང་བྱེད་ཐབས་ཤིག་མ་མཆིས་པས་ང་ཚོས་འོག་ཤོག་དེ་ཁྱེད་གཉིས་ལ་འཕེན་དགོས་མིན་བསམ་བློ་གཏོང་དགོས་ཐུག་རྒྱུ་རེད།

མདོ་སྟོད་སྤྱི་འཐུས་ཤིག་ཡིན་ཚེ་བོད་སྤྱི་ལ་སྨན་པའི་ལས་དོན་བྱེད་མཁན་ཞིག་ཡིན་དགོས་པ་ནི་བཤད་མི་དགོས་ལ། མདོ་སྡོད་ཆོལ་ཁའི་སྐྱིད་སྡུག་ལ་འགན་ཁུར་ཞིང་ནང་ཁུལ་མཐུན་ལམ་ཡོང་ཐབས་ལ་འབད་པ་བྱེད་མཁན་ཞིག་ཡིན་དགོས་པ་ལས། རང་ངོས་ནས་མཐུན་སྒྲིལ་ལ་གཏོར་བརླག་གཏོང་མཁན་ཞིག་རྩ་བ་ནས་ཡིན་མི་རུང་། 

མ་གཞི་མདོ་སྟོད་མི་མང་ནང་མ་མཆམ་པར་གང་ཡང་མེད་རུང་། ཆུ་སྒང་གསར་པ་ཟེར་བ་དེ་དང་དེའི་གྲིབ་ནག་འོག་ཏུ་སྡོད་མཁན་རེ་འགས་ཆུ་སྒང་གི་མིང་ཁུར་ནས་ཚོགས་པ་ཡིན་ལ་མིན་ལ་ཞིག་བཙུགས་ཏེ་ནམ་ཡང་ཆིག་སྒྲིལ་ཡོང་ཐབས་མེད་པར་བཟོ་བཞིན་ཡོད། འདི་ལྟར་བཟོས་རུང་ང་ཚོས་གོ་མེད་ཚོར་མེད་ངང་ཁོ་ཚོ་ལ་རྐུན་མ་ལ་དཔའ་དར་དང་སྤྱང་ཀི་ལ་རྣ་ཚར་བྱས་ཏེ་སྡོད་ན། ནམ་ཡང་མདོ་སྟོད་ཁོལ་ཁ་གཅིག་གྱུར་ཞིག་ཡོང་མི་ཐུབ། མདོ་སྟོད་ཆོལ་ཁ་གཅིག་འགྱུར་དང་ནང་བཀྲ་མ་ཤིས་ན་ཕྱིའི་དོན་མི་གྲུབ་པའང་བཤད་ཅི་དགོས། བོད་ཀྱི་ཆིག་སྒྲིལ་དང་མཐུན་ལམ་ལའང་གས་ཁ་ཤོར་ཏེ་ལྷག་རྒྱུ་རེད། ཉག་ཕྲ་བའི་དུས་ཚད་འདི་འདྲ་ལ་ཆོལ་ཁའི་བར་གྱི་མཐུན་ལམ་གཏོར་མཁན་དང་ཆོལ་ཁ་ནང་ཁུལ་ལ་གཏོར་གཤིག་གཏོང་མཁན་ཡིན་ན་གོ་སྐབས་གཏན་ནས་སྤྲོད་རྒྱུ་མེད། ཁོ་ཚོའི་ལག་ཏུ་དབང་ཆ་འཇོག་ན་སྟ་རེ་ཕར་སྤྲོད་ནས་ངའི་མགོ་ལ་བྱུག་རོགས་ཟེར་བ་ཁྱད་ཅིག་གཏན་ནས་མེད། ཉེན་ཁ་འདི་འདྲ་ཞིག་ངས་ནི་བཟོ་མ་ཐུབ་པས་ད་རེས་དངོས་གཞི་འོས་མི་ལ་འཕོ་འགྱུར་བཏང་ཡོད། 

<<ཆོས་བརྒྱུད་སྤྱི་འཐུས་གཉིས།>>

1-སྤྱི་འཐུས་ཨ་ཀྲུག་ཚེ་བརྟན།  
2-བེ་རི་བསོད་ནམས་དབང་ཕྱུག 

<<ཆོལ་ཁའི་སྤྱི་འཐུས་བཅུ།>>

1-གསེར་རྟ་ཚུལ་ཁྲིམས། 
2-བློ་བཟང་ཡེ་ཤེས། 
3-དཀོན་མཆོག་ཡར་འཕེལ།
4-པདྨ་བདེ་ལེགས།  
5-འཇུ་ཆེན་དཀོན་མཆོག 
6-བློ་བཟང་གྲགས་པ།
7-དབྱངས་ཅན་སྒྲོལ་དཀར། 
8-རྡོ་རྗེ་ཚེ་བརྟན། 
9-དགེ་ལེགས་རྣམ་རྒྱལ། 
10-ངག་དབང་ཐར་པ།
Powered by Blogger.