བོད་བཞུགས་གླུ་པ་གླུ་མ་དག་ལ་མཛུབ་མོ་བཙུགས་པའི་འོས་བབ་ང་ཚོ་ལ་མེད། ཁ་བདག་པོ་རྒྱོབ།

དོན་དངོས་ལ་ལྟ་མི་ཤེས་པ་འགས་ཟུག་སྐད་རྒྱག་དུས་བཙན་བྱོལ་དུ་གནས་པའི་སྐྱིད་རྒྱགས་མི་ཁྱོག་པ་འགའ་ཡང་ཟུག་སོང་། ད་དུང་བོད་ཀྱི་གླུ་པ་གླུ་མ་དག་ལ་ངོ་རྒོལ་ཡོད་ཅེས་དྲ་ལམ་ནས་དཔའ་རྟགས་དང་དཔུང་པ་ངོམས་པའི་བྱ་སྤྱོད་དགོད་བྲོ་བ་མང་པོ་ཞིག་ད་ནངས་ནས་འཁྲབ་མགོ་ཚུགས་འདུག ཟུག་མཁན་འདི་དག་ལས་མང་ཤོས་ནི་ངོ་དེབ་དང་སྐད་འཕྲིན་ནང་གི་ངོ་གདོང་སྟོན་མི་ཕོད་པའི་མི་སྐོར་ཞིག་རེད། ཁོ་ཚོས་ཁ་ནས་གཏམ་ཚིག་གསུམ་བཤད་པའང་འགན་ཁུར་ལེན་འདོད་མེད་པར་པར་རྫུན་དང་མིང་རྫུན་ཕབ་ཏུ་ཡིབས་ཏེ་"ཁྱི་རྒན་རྒྱགས་དུས། གནམ་ལ་ཟུག་ཟེར་བ་བཞིན་སྐྱག་དྲི་བྲོ་བའི་སྐད་ཆ་མང་པོ་ཞིག་དྲ་ལམ་དུ་སྤུངས་བཞིན་ཡོད།

གླུ་པ་ཡ་ཏུང་གི་གླུ་དབྱངས་གཅིག་གིས་མི་རིགས་ཀྱི་དབྱངས་ཀྱི་འགྱུར་ཁུག་དང་དམངས་ཁྲོད་ཀྱི་སྒྱུ་རྩལ་གསོན་པོ་བདག་ཉར་ཐུབ་པའི་བྱས་རྗེས་འདི་ཙམ་ཁྱེད་ང་འདྲ་བ་ཚོས་མི་ཚེ་གཅིག་ལ་འབད་འབད་དུང་དུང་ཇི་ལྟར་བྱས་རུང་ཉིན་མོའི་རྨི་ལམ་ཙམ་ལས་མེད་པ་འདི་ཧ་གོ་དགོས། བཙན་བྱོལ་དུ་ཡོང་ནས་རང་ཁ་སོས་ཐབས་ཙམ་ལས་མི་རིགས་ལ་སྨན་པའི་བྱས་རྗེས་གྲོག་མའི་རྐང་རྗེས་ཙམ་ཞིག་བཞག་མ་མྱོང་པར་ད་རུང་བོད་བཞུགས་གླུ་པ་གླུ་མ་དག་ལ་སྡིགས་ཤིང་གཤེ་བའི་ཧམ་པ་འདི་དང་ངོ་ལྤགས་འདི་ག་ནས་རག་བྱུང་། གདོང་ལ་ཁྲག་ཡོད་ཅིང་ཁོག་ལ་སྙིང་ཡོད་ན་བསམ་གཞིགས་ཅུང་ཐོངས། སླད་ནས་སྐྱིད་རྒྱགས་མི་ཁྱོག་པའི་སྐད་ཆ་དེ་བཤད་མ་འདུག

བཙན་བྱོལ་ནང་གི་འཚོ་བ་གཞིར་བཞག་ནས་སྐད་ཆ་བཤད་སྣང་བ་སྐྱིད་པོ་བཤད་མཁན་ཚོས་དོན་དངོས་བོད་ནང་གི་དངོས་ཡོད་དཀའ་ངལ་དང་སྤྱི་སྐད་མེད་པའི་དཀའ་ངལ་ཇི་ཡོད་གསལ་པོར་ཤེས་པར་གྱིས། བཙན་བྱོལ་ནང་དུ་དབུས་སྐད་ཆ་ལེ་ཆོ་ལེ་དེ་བཤད་བཞག་ན་ཧ་ལམ་སྐད་བརྡ་མི་འཕྲོད་པ་ཞིག་མེད་ཚད་རེེད། འོན་ཀྱང་བོད་ནང་དུ་དེ་འདྲ་མིན། ཆོལ་ཁ་གསུམ་བར་སྐད་བརྡ་འཕྲོད་ཐུབ་ཕར་ཞོགས། ཡ་ཏུང་དང་ཀུན་དགའ་གཉིས་ཀྱིས་སྡེ་དགེ་སྐད་ཐོག་ནས་བཤད་ཡོད་ན་མར་སྡེ་དགེ་དང་དཀར་མཛེས་གཉིས་ན་གོ་ཙམ་རེད། རྫ་ཆུ་ཁ་པ་དང་གསེར་རྟ། བྲག་མདོ། རྟའུ། འདབ་པ། དར་རྩེ་མདོ། མི་ཉག ཆ་འཕྲེང། འཇོལ་པ། ཉག་རོང་། རྒྱལ་ཐང་། འབའ་པ། ཡར་རྩིས་ན། ཡུལ་ཤུལ་དང་འཇོ་མདའ། གོ་འཇོ་སོགས་རེ་གཉིས་ཀྱིས་གོ་བ་ལས། སྨ་ཁམས། ཚ་བ། བྲག་གཡབ། ཆབ་མདོ། འབྲི་རུ། སོག་རྫོང་། ཀྲ་མོ། སྤོ་མདའ་སོགས་ཀྱིས་གོ་མི་ཐུབ་པའང་ཅུང་ཙམ་ལས་གོ་མི་ཐུབ།

དོན་དག་གོ་མ་ཐུབ་པའི་ཁྱབ་བསྒྲགས་དེས་སུ་ལ་ཕན་ཐོགས་སམ། དོན་གོ་བ་གཙོ་བོ་མ་ཡིན་པའི་འཁྲབ་སྟོན་ཞིག་ཡིན་ན་རྟའུ་ལོག་སྐད་དང་རྒྱ་རོང་ལོག་སྐད། ཅོ་ནེ་དང་པ་རིས་སོགས་ཀྱི་ལོག་སྐད་ཀྱིས་བཤད་བཞག་ནའང་མི་ཆོག་པ་གང་ཡང་མེད། འོན་ཀྱང་ད་ཐེངས་ཀྱི་གླུ་པ་གླུ་མ་ཚོས་སྡིངས་ཆའི་སྟེང་ནས་གླུ་ལེན་གར་འཁྲབ་ཅིག་མ་ཡིན་པར་<ཐར་ལོ>སྟོན་པའི་ཁྱབ་བསྒྲགས་དང་བོད་མི་ཚོས་ལྟད་མོ་དེར་རྒྱབ་སྐྱོར་དང་ཐུགས་འཁུར་ཡོང་བའི་རེ་བ་སྟོན་པ་ཞིག་ཡིན། སྤྱི་ན་གློག་བརྙན་རིགས་ལ་དགའ་མོས་བྱེད་མཁན་མང་ཤོས་ནི་གཞན་སྐྱེས་ཡིན་ཞིང་གློག་བརྙན་སྒྱུ་རྩལ་གྱིས་ཤུགས་རྐྱེན་ཐེབས་དགོས་ས་དེའང་གཞོན་སྐྱེས་ཚོ་ཡིན་སྟབས་རྒྱ་སྐད་ཀྱི་ལམ་ནས་བརྡ་ཁྱབ་གཏོང་བ་དེས་ཕན་ནུས་དང་ཁྱབ་རྒྱ་ཡོང་རྒྱུ་གསལ་པོ་རེད། དེང་སྐབས་བོད་ཀྱི་ཡུལ་ལུང་སོ་སོའི་གཞོན་སྐྱེས་བརྒྱ་ཆ་དགུ་བཅུ་ལྷག་གིས་རྒྱ་སྐད་གོ་ཐུབ་ཅིང་། ལྷག་པར་ཕྱི་ལོ་༢༠༠༥དྲུག་ནས་སློབ་གྲྭ་འགྲིམས་མཁན་ཇེ་མང་དང་སློབ་གསོ་ཐོབ་མཁན་དུ་གྱུར་པས་རྒྱ་སྐད་བཤད་ཉན་ཀྱི་གྲངས་ཀ་ཇེ་མང་དུ་སོང་ཡོད་པ་གསལ་པོར་ཆགས་ཡོད།

ད་ལོའི་ཁམས་པའི་བོད་སྐད་བརྙན་འཕྲིན་ཐོག་གི་བཅའ་འདྲི་ལེ་ཚན་ནང་དུ་འཁྲབ་སྟོན་པ་ཕུར་པ་སྐྱབས་གདན་ཞུས་ཀྱིས་ཁོང་སྒེར་གྱི་མི་ཚེ་དང་གློག་བརྙན་ལས་རིགས་ཐད་ནས་ཁ་བརྡ་བྱེད་དུས་ཁོང་གིས་རྒྱ་རོང་བའི་སྐད་ཤེས་པ་ཙམ་ལས་དེ་མིན་ཀུན་གྱིས་གོ་ཐུབ་པའི་སྐད་རྒྱག་མི་ཤེས་པས་མཐར་རྒྱ་སྐད་ཀྱིས་བགྲོ་གླེང་མི་བཟོ་དཀའ་མེད་བྱུང་སོང་། དཔེ་འདི་བཞིན་ཡོངས་ཁྱབ་ཏུ་གོ་དགོས་པ་ཞིག་ཡིན་ན་ཡང་ན་སྐད་སྒྱུར་དང་ཡང་རྒྱ་སྐད་མ་སྤྱོད་རང་སྤྱོད་ཅིག་ཆགས་ཡོད། ཁྲོན་ཏུང་སློབ་འབྲིང་ན་སློབ་གཉེར་བྱེད་བཞིན་པའི་ངའི་ཤ་ཉེ་དང་ཉལ་ཁང་གཅིག་པའི་བོད་རིགས་སློབ་མ་ཁ་ཤས་འདུག ཁོ་ཚོ་ནི་དར་མདོ་དང་མི་ཉག རོང་བྲག་ནས་ཡིན་འདུག་པས་ངས་ཁྱེད་ཚོའི་དབར་བོད་སྐད་རྒྱག་གི་ཨེ་ཡོད་ཅེས་དྲིས་པ་ཡིན། རྒྱ་སྐད་ལས་བོད་སྐད་རྒྱག་ན་ངའི་སྐད་ཁོང་ཚོས་མི་གོ་ལ་ཁོ་ཚོའི་སྐད་ངས་གོ་མི་ཐུབ་ཀྱི་མི་འདུག་ཟེར། འདི་དང་འདྲ་བར་ད་བར་སློབ་ཆེན་ནང་གི་བོད་རིགས་སློབ་མ་ཚོའི་དབར་གོ་བརྡ་མི་འཕྲོད་པའི་དཀའ་ངལ་ཆེ་བས་སྤྱི་སྐད་དགོས་ཀྱི་འདུག་ཅེས་སྐད་རྒྱག་འགོ་བརྩམས་ཡོད།

ང་ཚོས་འདི་ནས་དབུས་སྐད་ཆ་ལེ་ཆོ་ཞིག་ཤེས་པའི་བཀའ་དྲིན་ལས་བགྲོ་གླེང་དང་གསལ་བསྒྲགས་གང་བྱས་ནའང་ཉན་བཤད་ཐུབ་པ་ཙམ་ཞིག་ཡོད། ང་རང་འཛིན་གྲོགས་དག་དང་མི་ལོ་༡༦ལྷག་ལ་མཉམ་བཤིག་མཉམ་འགྲོས་བྱས་ནས་ཡོང་བ་ཡིན། ད་ལྟ་ཡང་འཛིན་གྲོགས་ནང་གི་ཨ་མདོ་བ་དང་རྒྱ་ཐང་བ། ཏྲེ་ཧོར། རྫ་ཆུ་ཁ་པ་སོགས་ཀྱིས་རང་རང་ཕ་ཡུལ་གཅིག་པའི་དབར་ཕ་སྐད་བརྒྱབ་ནས་སྐད་ཆ་བཤད་དུས་གཞན་གྱིས་ཚིག་གཅིག་གཉིས་ལས་རྩ་བ་ཉིད་ནས་གོ་ཐུབ་ཀྱི་མེད་པ་དངོས་ཡོད་ཡིན། ཡུལ་ལུང་སོ་སོའི་སྐད་ལ་ཁྱད་པ་ཆེན་པོ་ཡོད་པའི་དངོས་ཡོད་དཀའ་ངལ་འདི་འདྲའི་གནས་སྟངས་ལ་བལྟས་ཏེ་སྐད་ཆ་བཤད་དགོས་པ་ལས། སྣང་བ་སྐྱིད་ཐག་ཆོད་པའི་སྐད་ཅོར་དེ་ད་ནས་མ་རྒྱག་རོགས།

2016-11-17
Powered by Blogger.