བསྟོད་པ་རིན་ཆེན་རྒྱ་མཚོ་མ།

སྐྱེ་མ་ཐག་ཏུ་གད་མོ་ཤོར་རབས་འདུག།།
ཉིན་གསུམ་རྗེས་ལ་སོ་ཡང་སྐྱེས་ཚུལ་གླེང་།།
བྱིས་པ་ཡིན་རུང་བྱིས་པའི་ཚུལ་མེད་པ།།
རིན་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།

འཇིག་རྟེན་སྲིད་པའི་འདམ་གྱིས་མ་གོས་པར།།
ཆུང་ནས་དགོན་གྱི་སྒོ་ཐེམ་ཞབས་ཀྱིས་བརྡར།།
ཆོས་སྒྲ་དབྱངས་དང་འགྲོགས་ནས་འཚར་བ་ཡི།།
རིན་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།

རི་བོ་གོམ་པས་གཤག་བཞིན་ནུབ་ཏུ་བཞུད།།
ཆུ་བོའི་སྐེད་པ་བཅད་ཅིང་བྱེ་ཐང་དེད།།
ཉིན་མཚན་ཡུན་གྱིས་ཕ་ཡུལ་བསྐྱུར་ཏེ་སོང་།།
རིན་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།

སློབ་གྲྭའི་རྡོ་སྐས་རྐང་སྣེས་ཐུག་པ་ནས།།
གནའ་དང་ད་ཡི་ཤེས་བྱའི་མེ་ཏོག་འཐུས།།
སྐད་གསུམ་སྦྱོང་ལ་སྨྲ་བའི་ལྗགས་ལྕེ་གྲོལ།།
རིན་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།

བསྡུས་གྲྭའི་རིགས་ལམ་དེ་ནས་དབུ་ཚུགས་ཏེ།།
གཞུང་ལུགས་རབ་འབྱམས་རང་ནུས་དཔྱད་ཅིང་མཐར།།
རབ་འབྱམས་པ་ཡི་ཕྱག་ཁྱེར་གསེར་ཡིག་འཐོབ།།
རིན་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།

ཕྱག་ཟུང་གསེར་གྱི་ཡལ་འདབ་གཡོ་ཙམ་ལ།།
རོ་བརྒྱ་བཅུད་ཀྱི་ཉིད་ཁུ་རབ་ཏུ་འབབ།།
སྣ་ཚོགས་ཟས་ཀྱི་བཀོད་པ་བཞེས་མཁས་པ།།
རིན་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།

ཕྱག་མཛུབ་གློག་གི་གར་སྟབས་འཁྱུག་ཙམ་ལ།།
དུས་རབས་ཚོན་གྱིས་བྲིས་པའི་རི་མོ་འབུས།།
པར་མིག་བརྙན་དུ་ཅི་ཡང་ལེན་མཁས་པ།
རིན་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།

ཨ་བྱང་གཉིས་ཀྱི་རྡུལ་མཚོན་གཡུལ་འཁྲུགས་ཀྱང་།
ཁྱེད་ཀྱི་ཕྱག་ཟུང་འཇིག་པར་མ་གྱུར་ན།།
ངེད་ཅག་སྐྱིད་ཀྱི་ཉི་མ་ནུབ་དོགས་མེད།།
རིན་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།

ཁ་ཆེ་དམག་གི་གཏོར་བཅོམ་ཆེ་ཡང་རུང་།།
ཁྱེད་ཀྱི་བརྙན་མིག་གས་ཆགས་མ་ཐེབས་ན།།
ངེད་ཚང་རྟེན་འབྱུང་མཛད་སྒོ་དཀའ་བ་མེད།།
རིན་ཆེན་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།

ཅི་མཛད་ལས་ལ་ཉེས་པའི་མ་གོས་ཤིང་།།
གང་བརྩམས་མཐའ་ཐག་འབད་པས་སྒྲུབ་མཁས་པ།།
རིན་ཆེན་རྒྱ་མཚོ་གང་དེར་ཕྱག་གི་ཡུལ།།
མི་ནུབ་བསྐལ་བརྒྱར་བརྟན་པར་བཞུགས་སུ་གསོལ།།
Powered by Blogger.